དེའི་རྗེས་ཉིན་སྔ་མ་ལྟར་འདུས་པ་ཡོངས་ནས་སྒྲོལ་མ་གྲངས་གསོག་གི་དབུ་བཟུང་སྟེ་ཆོས་ཐུན་གཉིས་པ་དབུ་འཛུགས་བསྐྱངས།
དེ་ནས་རིན་པོ་ཆེས་བཀའ་སྩལ་དོན། ད་ལུས་དང་ཚོར་བ་དྲན་པ་ཉེར་བཞག་ཏོག་ཙམ་བཞུགས་རོགས། དེ་ཡང་ལུས་བསྲངས་ཏེ་བཞུགས་རོགས་ཞེས་གསུངས་ནས་དང་པོ་ལུས་ཀྱི་གནད་རྣམས་རིམ་གྱིས་ངོ་སྤྲོད་ཅིང་ཚོར་བ་བདེ་སྡུག་སོགས་གང་བྱུང་བ་དེ་ལ་མ་བརྟགས་པར་བཞག །དེ་ནས་རིམ་པར་ཚོར་བའི་སྟེང་དུ་བཞག་དགོས་པར་བཀའ་སྩལ་ཏེ་འདུས་པ་ཡོངས་ནས་ཀྱང་དེ་བཞིན་སྐར་མ་ཁ་ཤས་རིང་སྒོམ་ལ་ཞུགས། དེའི་རྗེས་དྲི་བའི་ཚུལ་དུ། ད་བར་ལུས་དང་ཚོར་བ་དྲན་པ་ཉེར་བཞག་ཚར་གཉིས་སྒོམ་པ་ཡིན། ཆོས་ཐུན་དང་པོ་དེ་ལ་ཡག་པོ་བྱུང་ངམ་ཆོས་ཐུན་འདི་ལ་ཡག་པ་བྱུང་། གང་ལྟར་ཡང་གཉིས་ཀ་ཡག་པོ་བྱུང་འདུག །སྒོམ་གྱི་ཉམས་འདི་སྐད་ཅིག་རེ་རེ་ནས་འགྱུར་ཏེ་འགྲོ་ཡི་རེད། སྔ་དྲོ་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་གསུངས་པ་བཞིན་ཉམས་དང་རྟོགས་པ་གཉིས་ཡོད། སྤྲོས་བྲལ་རྟོགས་པའི་སྒོ་ནས་སྒོམ་རྒྱབ་པ་ཡིན་ན་ཉམས་ལ་འགྱུར་ལྡོག་མེད་པ་ཡིན། ད་བར་མ་སྒོམ་པའི་དོན་ཞུས་ཟིན་པ་ཡིན། གཉིས་པ་མ་ཡེངས་གསུངས་པ་རེད། ཅེས་པ་འདི་དྲན་པར་བརྟག་སྟེ་བསྡད་དགོས། དེ་ཡང་དཔེར་ན་ལུག་རྫི་དང་སོ་པ་བཞིན་ལུག་རྫིས་ལུག་རྣམས་ཐང་ལ་བཞག་ནས་རང་ཉིད་རི་ཐོག་ནས་མར་ལྟ་བ་དང་། སོ་པས་ཀྱང་མི་དེ་ཡི་བྱ་སྤྱོད་བཟང་ངན་ལ་མ་ལྟ་བར་མི་འདིས་གང་བྱེད་མིན་ལྟ་བ་བཞིན་དགོས། ད་ལྟ་ང་ཚོས་ལུས་སེམས་དྲན་པ་ཉེར་བཞག་སྒོམ་པའི་སྐབས་སུ་ཡང་ཚོར་བ་བདེ་སྡུག་བཟང་ངན་སྡིག་སྡུག་གང་འདྲ་ཞིག་བྱུང་ཡང་ཁོ་རང་གི་ངོ་བོ་ལ་མ་བལྟས་བར་རང་སར་བཞག་པ་ཡིན་ན་སྣང་བ་སྒོམ་དུ་ཤར། ཉོན་མོངས་གྲོགས་སུ་ཤར་བ་དེ་དག་འོང་བ་ཡིན། དེ་ལ་ལྟ་བ་ཡིན་ན་བདེ་སྡུག་གི་དབང་དུ་མི་འགྲོ་གསུངས། དཔེར་ན། རང་ཉིད་ཆུ་ཡི་ནང་ཐིམ་བཞིན་པར་ཆུ་ནང་ལྟ་ན་ཆུ་མི་མཐོང་བ་དང་། གལ་ཏེ་རང་ཉིད་ཆུ་ཡི་ཕྱི་རོལ་དུ་གནས་བཞིན་པར་ཆུ་ལ་ལྟ་བ་ཡིན་ན། ཆུ་ཡི་གཡོ་འགུལ་མཐོང་བ་དང་དེས་མི་གནོད་པ་བཞིན་རེད། སྐབས་དེར་གློག་བརྙན་གྱི་དཔེ་ཡང་གསུངས། དེས་ན་ཉོན་མོངས་པ་དེ་དག་ཤུགས་ཀྱིས་མ་བཀག་པར་གྲོགས་སུ་ཁྱེར་བ་བྱ་དགོས། དེར་བརྟེན་སྒོམ་གྱི་སྐབས་སུ་ཚོར་བ་བདེ་སྡུག་དང་བཟང་ངན་ལ་བལྟས་པ་ཡིན་ན་དེའི་དབང་དུ་མི་འགྲོ་གསུངས་པ་ཡིན། དེ་ནས་མ་སྒོམ། མ་ཡེངས། ད་གང་བྱ་དགོས་ཞེ་ན། བཟོ་མེད་ཅེས་གསུངས། བདེ་གསལ་མི་རྟོག་པར་བཟོ་བཅོས་མེད་པར་འཇམ་ཐིང་ངེ་བཞག་དགོས་པ་ཡིན།
དེ་ནས་ངས་སྒོམ་ཐབས་དམིགས་བསལ་བ་ཞིག་ཞུ་རྒྱུ་ཡིན། དེ་ཡང་ཚོར་བ་སྡུག་བསྔལ་ལ་དམིགས་པ་གཏད་དེ་སྒོམ་ན་ཚོར་བ་མི་འདྲ་བ་ཞིག་འོང་གི་ཡོད། དེ་ཡང་ཡུན་རིང་བསྡད་པས་རྐང་པ་ན་བ་དང་ཚ་བས་འཚིག་པ་དང་ཡུན་རིང་དྲགས་པའི་ཉོབ་སྣང་གི་ཚོར་བ་སོགས་གང་བྱུང་བ་ཐམས་ཅད་སྡུག་བསྔལ་རེད། ད་ལྟ་ཁྱེད་རྣམས་ལ་དེ་ལྟ་བུའི་ཚོར་བ་སྡུག་བསྔལ་འདུག་གམ་མི་འདུག །ཚོར་བ་སྡུག་བསྔལ་ལ་སྒོམ་རྒྱབ་པ་ལ་ཚོར་བ་སྡུག་བསྔལ་ཡོད་དགོས། དེ་མེད་ན་འགྲིགས་ཀྱི་མེད། དཔེར་ན་དགྲ་ལ་དམིགས་ནས་སྒོམ་དུས་དགྲ་ཡོད་དགོས་པ་བཞིན་རེད། ཚོར་བ་སྡུག་བསྔལ་འདི་མེད་ན་དཀའ་ལས་ཁག་པོ་ཆགས་པ་རེད། ཚོར་བ་སྡུག་བསྔལ་དེ་དག་མེད་ན་ང་ལ་ཐབས་ཤེས་ཤིག་ཡོད། མཛུབ་མོའི་རྩེ་འདི་མནན་པ་ཡིན་ན་ཚོར་བ་སྡུག་བསྔལ་ཡོད་རེད། དེ་ཡང་རིམ་གྱིས་མནན་པ་མ་གཏོགས་ལམ་སེང་མནན་པ་ཡིན་ན་ན་ཟུག་ཆེན་པོ་འོང་གི་རེད། ད་ང་ཚོས་འདིའི་སྟེང་དུ་སྒོམ་རྒྱབ་རྒྱུ་ཡིན། ཚང་མས་མགོ་ནས་རྐང་མཐིལ་བར་ཚོར་བ་ཇི་ལྟར་བྱུང་བ་དག་ལ་སེམས་རིམ་གྱིས་གཏད་དེ་ལུས་ཚོར་ལ་མཉམ་པར་བཞག་རོགས། དེ་ནས་དམིགས་བསལ་ལུས་ཚོར་སྡུག་བསྔལ་བ་ཞིག་ལ་སེམས་གཏད་རོགས། གལ་ཏེ་སྡུག་བསྔལ་མེད་པ་ཡིན་ན་ན་ཟུག་བཟོས་ནས་སེམས་གཏད་རོགས་གནང་། ད་སྤྱན་ཕྱེ་ནས་རང་བབས་སུ་བཞུགས་རོགས། ད་གང་འདྲ་བྱུང་སོང་།
དེ་ལ་མྱོང་བ་བཞི་ཡོད། དང་པོ་ན་ཟུག་ལ་ལྟ་དུས་ན་ཟུག་མ་རྙེད་པར་བརླགས་འགྲོ་ཡི་རེད། དེ་སྐབས་དྲན་པ་འདི་མ་ཡེངས་པར་གནས་བསྡད་ཡོད། གཉིས་པ་ན་ཟུག་ལ་སེམས་གཏད་དུས་ན་ཟུག་འགྱུར་འགྲོ་ཡི་རེད། དཔེར་ན་རྐང་པ་ལ་སེམས་གཏད་དུས་རྐེད་པར་ཕར་འཕོ་འགྲོ་བ་ནང་བཞིན་རེད། དེ་ཡང་ཡག་པོ་རེད། ན་ཟུག་དེ་དག་སྒོམ་གྱི་རྐྱེན་དུ་འགྱུར་བ་རེད། གསུམ་པ་ན་ཟུག་ལ་སེམས་གཏད་དུས་འགྱུར་ལྡོག་གང་ཡང་མེད་པར་ན་ཟུག་ལ་སེམས་གནས་པ་འདི་ན་ཟུག་འདི་སེམས་ཀྱི་རྟེན་དུ་འགྱུར་བ་རེད། མྱོང་བ་ཐ་མ་འདི་ན་ཟུག་ལ་སེམས་གཏད་སྐབས་ན་ཟུག་ཆེ་རུ་ཕྱིན་པའང་ཡོད། འདི་ཁམས་ཀྱི་དབང་གི་རེད། ཡང་ན་རེ་དོགས་ཀྱི་དབང་གི་རེད། གལ་སྲིད་ན་ཟུག་ལ་སེམས་གཏད་དུས་ན་ཟུག་ཤུགས་ཆེ་རུ་ཕྱིན་ན་དེ་དག་མ་སྒོམ་པར། སྒོམ་གྱི་གནད་གཞན་ཞིག་སྒོམ་ནའང་འགྲིགས་པ་ཡིན། ད་ན་ཟུག་གི་སྒོམ་ལ་ཡང་ཡག་པོ་འདུག་ཟེར་ནས་དགའ་སྤྲོ་བྱུང་བ་ག་ཚོད་ཡོད། ཕྱག་བརྐྱང་རོགས་གནང་། དཔེ་མེད་ཡག་པོ་རེད། དེ་ནས་བཞད་མོ་བཞད་བཞིན་པའི་ངང་ནས། ན་ཟུག་སྒོམ་གྱི་གྲོགས་སུ་འགྱུར་བ་རེད། ཉིན་མ་གཉིས་ཀྱི་ནང་ན་ཟུག་གྲོགས་སུ་འགྱུར་བ་དཔེ་རེད། དེ་བཞིན་རྣམ་རྟོག་སོགས་ཀྱང་སྒོམ་གྱི་གྲོགས་སུ་འགྱུར་ཐུབ་པའི་རེ་བ་ཡོད་ཅེས་གསུངས།
སྤྱིར་བཏང་སྒོམ་རྒྱབ་སྐབས་དབྱིབས་དང་ཁ་དོག་སོགས་ལ་སེམས་གཏད་དེ་སྒོམ་པ་ཡང་ཡོད་དེ་ནི་སྐུ་ཡི་རིགས་དང་། མིང་དང་ཚིག་ལ་དྲན་པ་གཏད་ནས་སྒོམ་པ་ཡང་ཡོད་དེ་ནི་གསུང་གི་རིགས་དང་། དེ་ནས་ཐུགས་ཀྱི་རིགས་ཀྱང་རང་རང་སོ་སོའི་ཚོར་བ་ལ་སེམས་གཏད་ནས་སྒོམ་རྒྱབ་པ་འདི་རེད། སྒོམ་རྒྱབ་པའི་སྐབས་སོ་སོའི་ཁམས་དང་བསྟུན་ནས་སྒོམ་གྱི་སྣང་བ་མི་འདྲ་བ་གསུམ་འབྱུང་གི་རེད། འདི་གང་བྱུང་ཡང་ཚང་མ་སྒོམ་གྱི་ཆ་རྐྱེན་མ་གཏོགས་ཕྱོགས་གཅིག་འདི་ནོར་སོང་བ་ལྟ་བུ་མ་རེད། རང་གིས་གང་མོས་ན་དེ་དག་ལ་སེམས་གཏད་དེ་སྒོམ་རོགས་གནང་།
ཡང་གདམ་ཀ་གཅིག་ཞུ་རྒྱུ་ཡིན། ང་ཚོ་སྒོམ་རྒྱབ་པའི་སྐབས་སེམས་ལ་གང་འཆར་བ་ཐམས་ཅད་སྒོམ་གྱི་གྲོགས་སུ་འགྱུར་བ་ཡིན་གསུངས་ཡོད། དེ་ཡང་སྔ་དྲོ་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་བྱིང་བ་དང་རྒོད་པ་ཉོན་མོངས་གང་འབྱུང་བ་ཐམས་ཅད་སྒོམ་གྱི་གྲོགས་ཡིན་གསུངས་བ་བཞིན་རེད། གདམ་ཀ་གཉིས་པ་འདི། གོང་དུ་བཤད་པ་ལྟར་དྲན་པའི་སྐོར་འདི་རེད། དང་པོ་འདི་བཤད་ན་ཐང་ཆད་པ་དང་སེམས་ནག་འཐོམ་མེ་ཆགས་པའི་སྐབས་ཚོར་བ་དག་གསལ་མི་གསལ་ཡོད། འདི་སྐབས་སུ་ཡང་ཚོར་བ་ལ་སེམསགཏད་ནས་བཞག་དགོས། གཉིད་ཁུག་ལ་ཉེ་བའི་སྐབས་བྱིང་རྒོད་ལ་སེམས་གཏད་པ་ཡིན་ན་གཅིག་བྱས་ན་གཉིད་ཀྱང་སྒོམ་དུ་འགྱུར་སྲིད། འདི་ཏོག་ཙམ་ཁག་པོ་ཡོད། གལ་སྲིད་དེ་ལྟར་བྱེད་པ་ཡིན་ན་གཉིད་འདི་དྲན་པས་ཟིན་ནས་གཉིད་ལས་མ་སད་བར་སྒོམ་དུ་འགྱུར་བ་ཡིན། དེ་ལས་གཞན་དུ་རྐང་ལག་ན་བ་ལྟ་བུ་ལ་ཡང་སེམས་གཏད་ནས་སྒོམ་ཡང་ཆོག །ད་ང་ཚོ་སྒོམ་རྒྱབ་རྒྱུ་ཡིན། ཚང་མས་མགོ་ནས་རྐང་མཐིལ་བར་སྔར་བཞིན་སེམས་གཏད་དེ་བཞུགས་རོགས་གནང་། དེ་ཡང་མིག་བཙུམ་ནས་བཞུགས་རོགས། གཉིད་ཁུག་ཀྱང་རུང་རྐང་ལག་ན་བ་སོགས་ཚོར་བ་གང་བྱུང་ཡང་ཚོར་བ་དེ་དག་ལ་མ་ཡེངས་པར་འདི་ཡི་ཐོག་ཏུ་བཞག་རོགས་གནང་། རྒྱུན་དུ་ཚོར་བ་ནག་འཐོམ་མེ་བ་དང་སྐབས་འགར་ཚོར་བ་གསལ་ལིང་ངེ་བ་སོགས་གང་བྱུང་ཡང་དེ་དག་ལ་སེམས་གཏད། དེ་ལྟར་མ་ཡིན་པར་གཉིད་ཁུག་ལ་ཉེ་བ་ཡིན་ན་ཡང་དེ་ལ་སེམས་གཏད། མ་ཡེངས་བར་བཞག །ད་སྤྱན་ཕྱེ་ནས་སེམས་རང་བབས་སུ་བཞག་རོགས། མདོར་བསྡུས་ན་སྒོམ་གྱི་ངོ་བོ་དྲན་པ་རེད། གསལ་བ་དང་། མི་རྟོག་པ་འདི་ཚོ་སྒོམ་གྱི་ཉམས་རེད་མ་གཏོགས་སྒོམ་གྱི་ངོ་བོ་མ་རེད། རང་རང་གི་སེམས་ལ་ཚོར་བ་བཟང་ངན་སོགས་གང་འདྲ་ཞིག་འཆར་ཡང་དེ་ལ་མ་ཡེངས་པར་སེམས་རང་བབས་སུ་བཞག་པ་ནི་སྒོམ་གྱི་ངོ་བོ་ཡིན་པས་ཚང་མས་དེ་བཞིན་ཉམས་ལེན་གནང་རོགས། དེ་རིང་དེར་མཚམས་བཞག་རྒྱུ་ཡིན་ཞེས་གསུངས་མཐར་འདུས་མང་ཡོངས་ནས་གནས་བརྟན་ཕྱག་མཆོད་དང་ཞབས་བརྟན་རིགས་གསུངས་རྗེས་གདངས་དབྱངས་དང་བཅས་ཏེ་ཕྱག་ཆེན་སྨོན་ལམ་དང་བོད་ཡུལ་བདེ་སྨོན་གསུངས་ནས་རེ་ཞིག་གསུང་ཆོས་ཉིན་གཉིས་པ་ལེགས་པར་གྲུབ་སོང་།
བསམ་གཏན་མཐར་ཕྱིན་ནས།