KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་ཉིན་གསུམ་པའི་ཆོས་ཐུན་གཉིས་པ།

ཆོས་ཐུན་སྔ་མ་གྲུབ་ནས་བར་གསེང་གི་རྗེས་སུ། སླར་ཡང་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་ཆོས་ཐུན་སྔ་མའི་མཚམས་ནས་མུ་མཐུད་དེ་གསུང་དོན། རྣམ་རྟོག་གི་སྙིང་རྗེ་ནི་སྐྱོན་གྱིས་གོས་པ་ཡིན་པ་དང་། གནས་ལུགས་ཀྱི་སྙིང་རྗེ་ནི་རྟོག་པ་མེད་པས་ནམ་ཡང་སྐྱོན་གྱིས་གོས་པ་མེད་པ་སོགས་སྙིང་རྗེའི་བཀའ་ཁྲིད་ཞིབ་རྒྱས་གསུངས་རྗེས། དད་ལྡན་སློབ་ཚོགས་ཡོངས་ལ་སྐར་མ་འགའ་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་ནས་རྟོག་པ་མེད་པའི་སྙིང་རྗེ་སྒོམ་དགོས་པའི་བཀའ་སྩལ། དེ་བཞིན་སེར་སྐྱ་ཕོ་མོ་ཡོངས་ནས་ཀྱང་རང་རང་གི་བཞུགས་གནས་སུ་སྐར་མ་འགའ་ཤས་སྒོམ་ལ་བརྩོན། 

དེའི་རྗེས་སུ་ཕྱག་ཆེན་སྨོན་ལམ་གྱི་རྩ་བར། བཟོད་མེད་སྙིང་རྗེའི་རྩལ་ཡང་མ་འགགས་པའི། །བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར། །ཟུང་འཇུག་གོལ་ས་བྲལ་བའི་ལམ་མཆོག་འདི། །འབྲལ་མེད་ཉིན་མཚན་ཀུན་ཏུ་བསྒོམ་པར་ཤོག  །ཅེས་པའི་སྐབས་སུ་ཕྱག་རྒྱ་ཆེན་པོ་ཐུན་མོང་མ་ཡིན་པར་གནས་ལུགས་འོད་གསལ་བ་དེ་རང་སྙིང་རྗེ་ཡིན་ཞིང་། བརྩེ་དུས་སྟོང་པར་མི་རྟོགས་པར་དངོས་པོར་ཞེན་ན་གནས་ལུགས་ཕྱག་ཆེན་སྒོམ་པའི་བར་ཆད་དུ་འགྱུར་བ་དང་། བརྩེ་བ་དང་སྟོང་པ་གཉིས་ཟུང་འཇུག་ཏུ་སྒོམ་ན་སྒོམ་ཆེན་ལམ་མ་ནོར་བ་ཡིན་པ་དང་།  དེ་བཞིན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་སྙིང་རྗེ་དེ་ཉིད་འགྲོ་བའི་བློ་དང་འཚམས་པར་རིམ་བཞིན་བསྟན་པའི་ཚུལ། སྙིང་རྗེ་མཆོག་ཏུ་སྒོམ་ན་གཟུགས་སོགས་ཀྱང་སྙིང་རྗེའི་རང་བཞིན་དུ་མཐོང་བར་གསུངས། དེའི་རྗེས་སུའང་ཆོས་ཞུ་བ་ཀུན་ལ་ལུས་སེམས་དབྱེར་མེད་ཀྱི་སྒོམ་རྒྱབ་དགོས་པའི་བཀའ་སྩལ་ཞིང་། སླར་ཡང་ཆོས་ཞུ་བ་ཡོངས་ནས་སྐར་ཆ་འགའ་ལུས་སེམས་དབྱེར་མེད་ཀྱི་སྒོམ་རྒྱབ་གནང་མཛད།  

མ་ཟད་གསང་སྔགས་ཀྱི་ནང་དུ་ཁྲོ་བོའི་ལྷ་རྣམས་རྣམ་པ་ཁྲོ་བོར་བསྟན་དགོས་པའི་རྒྱུ་མཚན་གནད་བསྡུས་ཞིག་གསུངས་པ་འདི་ལྟར། "འཕགས་པ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཁྲོ་བོའི་ལྷ་རྣམས་ཀྱང་ཐུགས་བྱམས་པ་ལས་གཡོ་བ་མེད། རྣམ་པ་དེ་ལྟར་བསྟན་དགོས་པའི་རྒྱུ་མཚན་ནི། གདུལ་བྱ་གདུག་པ་ཅན་རྣམས་འདུལ་བའི་སླད་དུ་ཡིན། དེ་ཡང་གདུལ་བྱ་གདུག་པ་ཅན་རྣམས་ནི་རང་བཞིན་གྱིས་ཞི་བ་ལ་མི་དགའ་ཞིང་ཁྲོ་བོ་ལ་དགའ་བས་ན་ལྷ་དེ་དག་རྣམས་ཀྱང་གདུལ་བྱ་དེ་དག་དང་འདྲ་བ་ཞིག་ཏུ་སྤྲུལ་པ་ཡིན། དེ་བཞིན་མགོན་པོ་བེར་ནག་དང་དམ་ཅན་ལ་སོགས་རྣམས་ཀྱང་ཐུགས་བྱམས་པ་ལས་གཡོ་བ་མེད་པ་དེ་ལྟར་ཡིན། རང་ཉིད་ཀྱང་ཁྲོ་བོའི་ལྷ་དེ་དག་སྒོམ་ཚེ་མ་འོངས་པར་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་དོན་བྱེད་ནུས་པར་ཤོག་ཅེས་སྨོན་ལམ་བཏབ་དགོས" ཞེས་གསུངས་སོ།  །

དེ་རྗེས་སྒོམ་པའི་འབྲས་བུ་བསྟན་པའི་རྩ་བར།  སྒོམ་སྟོབས་ལས་བྱུང་སྤྱན་དང་མངོན་ཤེས་དང༌། །སེམས་ཅན་སྨིན་བྱས་སངས་རྒྱས་ཞིང་རབ་སྦྱངས། །སངས་རྒྱས་ཆོས་རྣམས་འགྲུབ་པའི་སྨོན་ལམ་རྫོགས། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་སངས་རྒྱས་ཤོག །ཅེས་པའི་སྐབས་སུ་འབྲས་བུ་སྤྱན་ལྔ་དང་མངོན་ཤེས་ལྔའི་སྐོར་ཤིན་ཏུ་རྒྱས་པར་གསུངས། 

ཆོས་ཀྱི་སྤྱན་གྱི་སྐོར་གསུངས་ཚེ་དུས་དེང་སང་དམ་པའི་ཆོས་འཆད་པའི་སྐབས་རིགས་གཙོ་བོ་མིན་པར་མོས་པ་གཙོ་བོར་བྱ་བ་ཡིན་ཞེས་གསུངས་པ་འདི་ལྟར། "སྔོན་ཆོས་བཤད་ཚེ་རིགས་ལ་བརྟག་ནས་ཆོས་གསུངས། དེང་སང་མོས་པ་ལ་བརྟེན་ནས་གཙོ་བོར་ཆོས་གསུངས་ཀྱི་ཡོད། དཔེར་ན། གནའ་སྔ་མོ་དབང་བསྐུར་དུས་རིགས་ལ་བརྟག་ནས་དབང་བསྐུར་ཞིང་ཆོས་གསུངས། དུས་དིང་སང་མོས་པ་ཙམ་གཙོ་བོར་བྱས་ནས་དབང་སོགས་བསྐུར་གྱི་ཡོད།" ཅེས་གསུངས་སོ། ། 

དེ་བཞིན་མངོན་ཤེས་ལྔའི་སྐོར་བཀའ་ཁྲིད་གནང་བའི་སྐབས་སྔོན་གནས་རྗེས་སུ་དྲན་པ་ནི། སྔོན་སངས་རྒྱས་ཀྱིས་སྐྱེས་རབས་རྣམས་སུ་སྟོན་པ་ཉིད་དང་། མཆོག་ཟུང་གཉིས་ལ་སོགས་པའི་བསྐལ་པ་ཆེས་མང་པོའི་སྔོན་གྱི་སྐྱེས་རབས་གསུང་བ་བཞིན་དུ། ཚེ་སྔོན་མ་རྣམས་སུ་རང་གཞན་རྣམས་ཀྱི་སྐྱེ་བ་ཇི་ལྟར་ཡིན་པ་ཤེས་པ་དེ་ཡིན་པ་དང་། ཟག་པ་ཟད་པའི་མངོན་ཤེས་ནི། རྗེ་བཙུན་མར་པ་དང་མི་ལ་སོགས་པ་རྣམས་ཀྱིས་སྒྲིབ་པ་དག་མ་དག་མཁྱེན་པ་ལྟ་བུ། སེམས་ཅན་གྱི་རྒྱུད་ལ་སྒྲིབ་པ་ཇི་ཙམ་ཟད་པ་དེ་ཉིད་མཁྱེན་པ་ཡིན་ཞེས་གསུངས། 

ཡང་འགྲོ་བ་སེམས་ཅན་རྣམས་ཇི་ལྟར་སྨིན་པ། བདག་གཞན་གཉིས་ཀ་སྨིན་དགོས་པ། སྨིན་པའི་རྟགས་རྣམས་ཤིན་ཏུ་གོ་བདེ་བའི་ངང་ནས་གསུངས་པ་འདི་ལྟར། "སེམས་ཅན་སྨིན་ཞེས་པ་ནི། དཔེར་ན། ཤིང་འབྲས་སྨིན་ཞེས་པའི་སྐབས་ཤིང་འབྲས་རྣམས་བཟའ་ཆོག་ཆོག་ཏུ་བྱས་པ་བཞིན་ཡིན། དེ་ཡང་སྔོན་སྟོན་པ་བཅོམ་ལྡན་འདས་སློབ་པ་ལམ་ཞུགས་ཀྱི་གནས་སྐབས་སུ་གཞན་འབུ་སྲིན་ལ་སོགས་པའི་དུད་འགྲོ་རྣམས་ལ་རང་གི་སྲོག་ལ་མ་ལྟོས་པར་སྦྱིན་པ་སྦྱིན་པ་ལ་སོགས་གནང་བ་ལ་བརྟེན་ནས། མཐར་རང་ཉིད་སངས་རྒྱས་པའི་ཚེ་དེ་དག་རྣམས་ལ་ཆོས་གསུངས་པ་ཙམ་གྱིས་དགྲ་བཅོམ་པ་ཐོབ་པ་ལྟ་བུ་ཡིན། དེ་བཞིན་སྨིན་པ་ལ་རང་དང་གཞན་གཉིས་ཀ་སྨིན་དགོས། དེ་ཡང་དང་པོ་རང་ཉིད་སྨིན་པ་ཞིག་དགོས་ངེས་ཡིན། རང་ཉིད་སྨིན་པའི་རྟགས་ལ་ཆོས་བསྒྲུབ་རྒྱུ་དང་། བླ་མ་བསྟེན་པ་སོགས་ལ་ཡིད་གཏིང་ནས་དགའ་བ་སྐྱེས་པ་ཞིག་འོང་། གང་ཟག་འགའ་ཞིག་བླ་མའི་སྐུ་མདུན་དུ་བསྡད་ཀྱང་ཆོས་དང་། བླ་མ་ལ་ཡིད་མི་དགའ་བར་འགྱུར་འགྲོ་བ་ཡང་ཡོད། དེ་ལྟ་བུ་འབྱུང་ན་མ་སྨིན་པ་ཡིན། བསམ་གྱིས་མི་ཁྱབ་པའི་ཆོས་བཞི་རྣམས་རྟོགས་མི་ནུས་ཀྱང་ཞེ་ཐག་པ་ནས་ཡིད་ཆེས་ཀྱང་སྨིན་པའི་རྟགས་ཡིན་ཞེས་དང་། ཡང་དང་པོ་རང་རྒྱུད་སྨིན་ནས་ད་གཟོད་གཞན་སྨིན་ནུས་པ་བྱ་དགོས།"ཞེས་གསུངས་སོ། །

དེ་བཞིན་སྨིན་པ་ལ་ཉོན་མོངས་པ་སྤངས་པའི་སྒོ་ནས་སྨིན་པ། སྙིང་རྗེས་སྨིན་པ།  རིགས་པས་སྨིན་པ། བྲལ་བས་སྨིན་པ། ཡོངས་སུ་སྨིན་པ། རྟོགས་པས་སྨིན་པའི་ཚུལ་ལ་བཀའ་ཁྲིད་ཟབ་རྒྱས་གནང་། 

དེ་ནས་ཞིང་ཡོངས་སུ་སྦྱང་བའི་སྐོར་ལ་བཀའ་ཆོས་ཟབ་ལ་གནད་བསྡུས་པ་གསུངས་ཡོད་པ་འདི་ལྟར། "ཞིང་ཡོངས་སུ་སྦྱང་བ་ནི། མ་དག་པ་ཐམས་ཅད་སོ་སོ་རང་གིས་ནུས་པས་དག་པར་བྱ་ཞིང་། དེར་ཆོས་གསུངས་ནས་འབྲས་བུ་དགྲ་བཅོམ་པ་སོགས་འཐོབ་རྒྱུ་ཡོད་པར་བྱས་པ་རྣམས་ཡིན། དཔེར་ན། སྔོན་བྱ་རྒོད་ཕུང་པོའི་རིར་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་སྐོར་བའི་སྐབས་སུ། སྤྱིར་རི་དེ་ཉིད་ཆུང་ཆུང་མ་གཏོགས་མེད་ཀྱང་དེར་ལྷ་དང་མིའི་གདུལ་བྱ་བྱེ་བ་ཕྲག་དུ་མ་ལྷན་གཅིག་ཏུ་གནས་ཐུབ་པ་དང་། དེ་ཡང་སངས་རྒྱས་དང་ཐག་རིང་པོ་ཞིག་ལ་བསྡད་པ་མིན་པར་མཐའ་དག་སངས་རྒྱས་ཀྱི་འགྲམ་དུ་བསྡད་ཅིང་གུ་ཡངས་པོར་གནས་ཐུབ་པ་རྣམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་ནུས་པ་ཡིན་"ཞེས་གསུངས་སོ།

 དེ་ནས་གཞུང་གི་རྩ་བ་མཐའ་མར། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་རྗེ་དང༌། །རྣམ་དཀར་དགེ་བ་ཇི་སྙེད་ཡོད་པའི་མཐུས། །དེ་ལྟར་བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྨོན་ལམ་རྣམ་དག་ཇི་བཞིན་འགྲུབ་གྱུར་ཅིག  །ཅེས་པའི་སྐབས་སུ་ཕྱོགས་བཅུའི་ཞིང་ཁམས་གྲངས་མེད་པ་ན་སངས་རྒྱས་གྲངས་ལས་འདས་པ་ཡོད་ཚུལ། དུས་སྐད་ཅིག་རེ་རེ་ལའང་སེམས་ཅན་མངོན་པར་རྫོགས་པར་འཚང་རྒྱ་བ་དཔག་ཏུ་མེད་ཡོད་པ་དང་། དེ་བཞིན་སྐད་ཅིག་རེ་རེར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ས་འོག་མ་ནས་གོང་མ་ལ་མངོན་དུ་བྱ་བ་ཡོད་པའི་སྐོར་རྒྱས་པར་གསུངས་རྗེས། 

༸སྐྱབས་མཆོག་འཁོར་ལོའི་མགོན་པོ་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་ནས་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པའི་སྔོན་འགྲོའི་བཀའ་ཆོས། ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་ཆེས་ཟབ་ཅིང་གནད་ལ་ཕན་པ། ལྷག་པར་དུ་རང་ལུགས་སྒྲུབ་བརྒྱུད་པ་རང་གི་ཐུན་མོང་མ་ཡིན་པའི་ཟབ་ལམ་ཕྱག་རྒྱ་ཆེན་པོའི་ལྟ་བ། སྒོམ་པ། སྤྱོད་པའི་སྐོར་ལ་ཉིད་ཀྱི་ཐུགས་ཉམས་བཞེས་མཛད་པའི་ཉམས་མྱོང་ཟབ་མོའི་སྒོ་ནས་བཀའ་ཁྲིད་འགྲན་ཟླ་དང་བྲལ་བ་གནང་བའི་སྒོ་ནས་མཇུག་ལེགས་པར་གྲུབ་བོ། 

མཐའ་དོན་དུ་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་དེ་ལྟར་ཟབ་མོའི་བཀའ་ཆོས་སྩལ་བའི་དགེ་བའི་རྩ་བ་འདི་ཉིད་ཀྱིས། བདག་ཅག་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་༸དཔལ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་སྐུ་ཚེ་མི་འགྱུར་འཆི་མེད་ཚེ་ལྷའི་ངོ་བོར་བརྟན་པ་དང་། ལྷག་པར་དུ་གང་གི་བྱེས་ཀྱི་གདན་ས་ཆེན་པོ་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཞབས་སོར་མྱུར་དུ་འཁོད་ནས། གང་གི་མཛད་འཕྲིན་ནམ་མཁའི་ཁྱོན་ལྟར་ཁྱབ་པའི་བསྔོ་སྨོན་མཛད། 

མཐར་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ལ་མཚུར་ཕུ་བླ་བྲང་དང་བཀའ་བརྒྱུད་སྨོན་ལམ་ཚོགས་པ་ནས་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འདེགས་འབུལ་ཞུས་ཏེ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པའི་སྔོན་འགྲོའི་བཀའ་ཆོས་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་གཟི་བརྗིད་དང་ལྡན་པའི་ངང་ནས་ལེགས་པར་གྲུབ་བོ། །

ཕྱག་ཆེན་བཀའ་ཁྲིད་ཀྱི་སྐོར་མདོར་བསྡུས་ཙམ་ཞིག་གསར་འགྱུར་གྱི་ཚུལ་དུ་གངས་ལ་ཉི་ཤར་ནས། 

20180224AM_Aspiration of Mahamudra Teaching3-3