ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༢ ཚེས་ ༢༤ སྔ་དྲོའི་ཆར་སྐྱབས་མགོན་༸རྒྱལ་བའི་རྒྱལ་ཚབ་ཆེན་པོ་ཉིད་སྔར་རྒྱུན་བཞིན་སྤོས་སྣ་དང་རྒྱ་གླིང་བཅས་སྨོན་ལམ་གྱི་གར་སྟེགས་ཀྱི་བཞུགས་ཁྲིར་འཁོད་རྗེས། དད་ལྡན་སློབ་ཚོགས་སྐྱ་སེར་ཕོ་མོ་སྟོང་ཕྲག་དུ་མ་ནས་སྒོ་གསུམ་གུས་པ་དང་བཅས་ཕྱག་ཕུལ་ཞིང་། དེ་ནས་དབུ་མཛད་ཆེན་པོས་དྭགས་པོ་བཀའ་བརྒྱུད་སྤྱིའི་གསོལ་འདེབས་རྡོ་རྗེ་འཆང་ཐུང་མའི་ཞལ་འདོན་དབུ་བཙུགས་ཤིང་མཎྜལ་འདེགས་འབུལ་ཞུས། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་ཉིན་སྔོན་མའི་མཚམས་ནས་མར་མུ་མཐུད་ནས་གསུངས།
དེ་ཡང་དང་པོ་ཕྱག་ཆེན་སྨོན་ལམ་གྱི་གཞུང་འདི་ཚིག་ཉུང་ངུའི་སྒོ་ནས་ཕྱག་ཆེན་གྱི་དོན་མ་ལུས་པར་བསྟན་ཚུལ། ཉིན་སྔོན་མར་གསུངས་པ་བཞིན་ཉམས་ལ་ཞེན་པ་མེད་པའི་སྒོ་ནས་རྟོགས་པའི་རྒྱུན་བསྐྱང་ན་ཕྱག་ཆེན་གྱི་རྟོགས་པ་མངོན་དུ་འགྱུར་ཞིང་། ཕྱག་ཆེན་གྱི་རྟོགས་པ་མངོན་དུ་གྱུར་ཚེ་སྤང་བྱ་ཉོན་མོངས་ལ་སོགས་པའི་འཇིགས་པ་མེད་པའི་སྐོར་ཞིབ་ཅིང་ཕྲ་བར་གསུངས།
དེ་ནས་རྩ་བར། བཟང་ཞེན་ཉམས་ཀྱི་འཛིན་པ་རང་སར་གྲོལ། །ངན་རྟོག་འཁྲུལ་པ་རང་བཞིན་དབྱིངས་སུ་དག །ཐ་མལ་ཤེས་པ་སྤང་བླང་བྲལ་ཐོབ་མེད། །སྤྲོས་བྲལ་ཆོས་ཉིད་བདེན་པ་རྟོགས་པར་ཤོག །ཅེས་པའི་སྐབས་སུ་སྤྱིར་ཉམས་ལ་དཔག་ཏུ་མེད་པ་ཡོད་མོད། གཙོ་བོའི་དབང་དུ་བྱས་ནས་བདེ་བའི་ཉམས། གསལ་བའི་ཉམས། མི་རྟོག་པའི་ཉམས་གསུམ་ཡིན་པ་དང་།
ལྷག་པར་དུ་མ་བཅོས་པ་སེམས་ཀྱི་གནས་ལུགས་ལ་བཀའ་བརྒྱུད་པ་རྣམས་ཀྱིས་ཐ་མལ་གྱི་ཤེས་པ་ཞེས་མིང་རྫིག་པོ་ཞིག་མ་བཏགས་པ་དང་དེ་ལ་བཟང་ངན་བཏང་དུ་མེད་པའི་སྐོར་ཀྱི་བཀའ་ཁྲིད་འདི་ལྟར།
"བཟང་ཞེན་ཉམས་ཀྱི་འཛིན་པ་རང་སར་གྲོལ་བ་སྟེ་གཉེན་པོ་གཞན་ཞིག་ལོགས་སུ་བསྟེན་མི་དགོས་པར་ཆུའི་རང་བཞིན་ཆུ་ལ་ཐིམ་པ་བཞིན་ཡིན། དེའི་སྐབས་སུ་བཀའ་བརྒྱུད་པ་རྣམས་ཀྱིས་ཐ་མལ་གྱི་ཤེས་པ་ཞེས་གསུངས། ཐ་མལ་གྱི་ཤེས་པ་ཞེས་མིང་རྫིག་པོ་ཞིག་མ་བཏགས་པར། ཐ་མལ་པའི་མི་ཞེས་ནམ་རྒྱུན་སྐད་ཆ་བཤད་པ་ལྟར་མིང་ཉམ་ཆུང་ཞིག་བཏགས་པར་མཛད། དེ་ཡང་སེམས་ཀྱི་གནས་ལུགས་ཕྱག་རྒྱ་ཆེན་པོ་ལ་མིང་ཆེན་པོ་ཞིག་དང་རྫིག་པོ་བཏགས་ནས་བཟང་དུ་འགྲོ་རྒྱུ་ཞིག་དང་། མིང་སྡུག་པོ་ཞིག་བཏགས་ནས་ངན་པའི་གྲལ་དུ་འགྲོ་བ་ཞིག་མིན་པར་བཟང་ངན་གང་དུའང་གྲུབ་པ་ཞིག་མེད། སེམས་དེ་ཉིད་ཀྱི་གནས་ལུགས་རང་བབ་ཇི་ལྟར་ཡོད་པ་དེ་མ་བཅོས་པར་དེ་ཀ་རང་བཞག་དགོས། དེ་ལྟ་བུའི་གནས་ལུགས་ལ་སྔོན་གྲུབ་ཐོབ་རྣམས་ཀྱིས་ཡག་ཏུ་བཏང་རྒྱུ་དང་། མི་ཤིན་ཏུ་སྡིག་ཅན་ཞིག་གིས་མར་ངན་དུ་བཏང་བ་སོགས་བྱ་རྒྱུ་ཅི་ཡང་མེད། རྗེ་བཙུན་མི་ལ་རས་པ་ལ་སོགས་གྲུབ་ཐོབ་རྣམས་ཀྱི་ཐ་མལ་གྱི་ཤེས་པ་དེ་དང་། ད་ལྟ་ང་ཚོ་ལ་ཡོད་པའི་ཐ་མལ་གྱི་ཤེས་པ་རྣམས་ཀྱང་ཁྱད་པར་ཅི་ཡང་མེད། དེ་བཞིན་མར་པ་དང་། དྭགས་པོ་རིན་པོ་ཆེ། ཀརྨ་པ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་ཐ་མལ་གྱི་ཤེས་པ་དང་ང་ཚོའི་ཐ་མལ་གྱི་ཤེས་པ་གཉིས་ལ་ཁྱད་པར་མེད། མ་ཟད་སངས་རྒྱས་ཀྱི་ཐུགས་དང་ང་ཚོའི་ཐ་ལམ་གྱི་ཤེས་པ་གཉིས་ལའང་ཁྱད་པར་མེད" ཅེས་གསུངས་སོ།
ཡང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ཐུན་མོང་མིན་པའི་རང་ལུགས་སུ་ལམ་དང་འབྲས་བུ་གཉིས་སུ་མེད་པ་དང་འབྲས་བུ་ལམ་དུ་བྱེད་ཚུལ་སྐོར་ཚིག་ཉུང་ངུའི་སྒོ་ནས་དོན་ཤིིན་ཏུ་ཟབ་པོར་གསུངས་པ་འདི་ལྟར།
"ཕྱག་ཆེན་ལུགས་ལ་ལམ་དང་འབྲས་བུ་གཉིས་སུ་མེད་པ་ཡིན། ལམ་ཞེས་པ་སྒྲིབ་པ་མེད་པར་བཟོ་བྱེད་དང་། འབྲས་བུ་ཞེས་པ་སྒྲིབ་པ་བྲལ་ཞིང་དག་པ་ལ་གསུངས། དག་པའི་བྱང་ཆུབ་དེ་ཡང་སེམས་ཀྱི་གནས་ལུགས་སྙིང་པོ་དེ་ཡིན། ལམ་དེ་ཡང་སེམས་ཀྱི་གནས་ལུགས་བདེ་གཤེགས་སྙིང་པོ་དེ་ཡིན། སྒྲིབ་པ་མེད་པར་བཟོ་བྱེད་ནི་ཏིང་ངེ་འཛིན་དང་ཤེས་རབ་གཉིས་ཡིན་མོད། ཤེས་རབ་ནི་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ཉིད་རང་ཡིན། ཏིང་ངེ་འཛིན་ཡང་དང་པོ་ནས་སྙིང་པོ་དེ་ཉིད་གཡོ་བ་མེད་པར་གནས་པས་ཏིང་ངེ་འཛིན་ཡང་དེ་ཡིན། དེ་དག་རྣམས་གསར་དུ་བཟོས་པ་ཞིག་མེད་ཅེས་དང། ཡང་གདོད་མ་ནས་གནས་པའི་སྙིང་པོ་དེ་རང་ཏིང་ངེ་འཛིན་ཡིན། སྙིང་རྗེ་དང་དད་པ་རྣམས་ཀྱང་སྙིང་པོའི་རང་བཞིན་ཡིན། ལམ་དང་འབྲས་བུ་གཉིས་སུ་མེད་པའི་ཚུལ་གྱིས་ཉམས་སུ་ལེན་ན་འབྲས་བུ་ལམ་དུ་བྱེད་པ་ཡིན། འབྲས་བུ་དེ་ཡང་གནས་ལུགས་ཕྱག་རྒྱ་ཆེན་པོ་ཡིན་ཞིང་། ལམ་དེ་ཡང་གནས་ལུགས་ཕྱག་རྒྱ་ཆེན་པོ་ཡིན་" ཞེས་གསུངས།
དེ་བཞིན་འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་བདེ་གཤེགས་སྙིང་པོ་ལ་བརྟེན་ནས་བྱུང་ཚུལ།
ལྷག་པར་དུ་ཕྱག་ཆེན་པ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པ་རྣམས་ཀྱིས་སེམས་ཅན་དང་། བྱང་ཆུབ་སེམས་དཔའ། སངས་རྒྱས་རྣམས་ཀྱི་གདགས་གཞི་ཐུན་མོང་མ་ཡིན་པར་གསུངས་པ་འདི་ལྟར།
"ཕྱག་ཆེན་ཉམས་སུ་ལེན་པ་རྣམས་ཀྱིས་སེམས་ཅན་དང་། བྱང་ཆུབ་སེམས་དཔའ། སངས་རྒྱས་སོགས་མིང་བཏགས་པའི་གཞི་ནི་བདེ་གཤེགས་སྙིང་པོ་དེ་ཉིད་ཡིན། དེ་ཡང་སེམས་ཅན་ཞེས་པ་དེ་གློ་བུར་གྱི་སྒྲིབ་པ་ལ་མི་གོ་བར། དེ་ངོ་མ་ནི་སྒྲིབ་པ་དེ་གོས་པའི་གཞི་བདེ་གཤེགས་སྙིང་པོ་ལ་གོ་དགོས་པ་ཡིན། དེས་ན་གསང་སྔགས་ཀྱི་ནང་དུ་སེམས་ཅན་ཐམས་ཅད་ལྷ་ལ་སྒོམ་དགོས་པ་ཡིན་ཞེས་གསུངས། བཀའ་བརྒྱུད་པ་རྣམས་ཀྱིས་སེམས་ཅན་ཞེས་པ་དེ་ང་ཚོའི་མིག་གིས་རིག་རྒྱུ་ཡོད་པ་དེ་ལ་ངོས་བཟུང་བ་མིན་པར། དེའི་རྒྱུད་ལ་ཡོད་པའི་བདེ་གཤེགས་སྙིང་པོ་ལ་གོ་དགོས། དེ་ལྟར་བྱས་ན་སྒོམ་ཉམས་ལེན་དང་གོ་བ་ལའང་ཕན་ཐོགས་ཡོད། བྱང་ཆུབ་སེམས་དཔའ་དེའང་འཇམ་དབྱངས་དང་བྱམས་པ་ལ་སོགས་གང་ཟག་གི་རྣམ་པ་དེ་མིན་པར། དེའི་ཐུགས་རྒྱུད་ལ་ཡོད་པའི་བདེ་གཤེགས་སྙིང་པོ་སྒྲིབ་པ་ཕྱེད་ཙམ་བྲལ། ཕྱེད་ཙམ་མི་བྲལ་བ་དེ་ལ་གོ་དགོས། རྫོགས་པའི་སངས་རྒྱས་གཙོ་བོ་ནི་ཆོས་ཀྱི་སྐུ་བདེ་གཤེགས་སྙིང་པོ་ཆ་ཚང་བ་མངོན་དུ་གྱུར་པ་དེ་ཡིན།" ཞེས་ཤིན་ཏུ་ཟབ་རྒྱས་ཀྱིས་སྒོ་ནས་གསུངས།
དེ་ནས་སེམས་ཉིད་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ཉིད་དག་མ་དག་གང་གིའང་སྐབས་སུ་འགྱུར་བ་མེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ཉིད་རྟོགས་པ་ལ་བརྟེན་ནས་འགྲོ་བའི་དོན་བྱེད་ཚུལ་རྣམས་རྒྱས་པར་གསུངས།
ཡང་ཀུན་གཞི་རྣམ་ཤེས་དང་ཀུན་གཞི་ཡེ་ཤེས་ཀྱི་སྟེང་དུ་དག་མ་དག་གི་བག་ཆགས་ཇི་ལྟར་བཞག་པའི་སྐོར་བཀའ་ཁྲིད་ཤིན་ཏུ་ཟབ་གནད་ཆེན་པོ་གསུངས་པ་འདི་ལྟར།
"བག་ཆགས་ནི་ཀུན་གཞིའི་སྟེང་དུ་ཉི་མ་རེ་རེ་བཞིན་ལ་གསོག་པར་བྱེད་ཀྱི་ཡོད། དེ་ཡང་ཐ་ན་འཇིག་རྟེན་གྱི་བྱ་བ་སྔ་དྲོ་ཁྲུས་བྱ་བ་དང་། མིག་གིས་གཟུགས་མཐོང་བ་དང་། ཡང་ནང་རྣམ་རྟོག་སྐད་ཅིག་གཅིག་འགྱུ་བ་ཚུན་སྒོ་གསུམ་གྱི་བྱ་བ་ཅི་ཞིག་བྱེད་ཀྱང་ཀུན་གཞིའི་སྟེང་དུ་བག་ཆགས་བཞག །ཡང་གནས་ལུགས་ཕྱག་རྒྱ་ཆེན་པོ་ལ་དད་པ་སྐྱེས་པ་དང་། དེ་ལ་ཡི་རང་བ་སོགས་ནི་ཀུན་གཞི་རྣམ་ཤེས་ཀྱི་རང་བཞིན་ཀུན་གཞི་ཡེ་ཤེས་ཀྱི་སྟེང་དུ་བཞག་པ་ཡིན། མ་དག་པའི་ཀུན་གཞི་རྣམ་ཤེས་ལ་བག་ཆགས་རྣམས་གསར་དུ་གསོག་དགོས་པ་ཡིན། འོན་ཀྱང་ཀུན་གཞི་ཡེ་ཤེས་ལ་དེ་ལྟར་གསར་དུ་གསོག་མི་དགོས་པར་ཐོས་པའི་བག་ཆགས་ཞེས་པ་དམ་པའི་ཆོས་ཐོས་ནས་སྙིང་པོ་ལ་སྒྲིབ་པའི་སྒྲིབ་པ་རྣམས་རེ་རེ་བསལ་ཞིང་སྙིང་པོ་དེ་ཉིད་མངོན་དུ་གྱུར་བ་ལ་བག་ཆགས་བསགས་ཞེས་མིང་བཏགས་པར་མཛད་པ་ཡིན་" ཞེས་གསུངས་སོ།
ཡང་དེ་བཞིན་འཇིག་རྟེན་པ་དང་ཕྱག་ཆེན་པ་རྣམས་ཀྱིས་དངངས་སྐྲག་སྐྱེ་ཡུལ་ཐ་དད་པར་གསུངས་པ་འདི་ལྟར། "འཇིག་རྟེན་པ་རྣམས་ཀྱི་ཕྱིའི་སྣང་བ་ལ་སྐྲག་ནས་གནས་ཀྱི་ཡོད། ང་ཚོ་སྤྱིར་ཆོས་པ་ལྷག་པར་དུ་སྒྲུབ་བརྒྱུད་པ་ཕྱག་ཆེན་ཉམས་སུ་ལེན་པ་རྣམས་ནང་སེམས་ལ་སྐྲག་དགོས། དེ་ཡང་སེམས་དེ་གནས་ལུགས་ཀྱི་ངང་ལ་མི་གནས་པར་ཕྱིན་ཅི་ལོག་ཏུ་འཁྲུལ་བར་གྱུར་པས་དེ་ལ་སྐྲག་པ་ཞིག་དགོས་ངེས་ཡིན། དེ་བཞིན་འཇིག་རྟེན་པ་རྣམས་ཕྱི་གཟུགས་བདེ་བ། རྒྱུ་ནོར་དཔལ་འབྱོར། དེ་བཞིན་མིང་སྙན་གྲགས་ལ་དགའ་བར་བྱེད། འོན་ཀྱང་དེ་དག་ནི་ཤིན་ཏུ་མི་བརྟན་པ་སྐད་ཅིག་མའི་རང་བཞིན་དཔེར་ན་གློག་འཁྱུག་པ་ལྟ་བུ་ཡིན་པས་སྙིང་པོ་མེད། སེམས་ཀྱི་གནས་ལུགས་བདེ་གཤེགས་སྙིང་པོ་ལ་དགའ་བ་བྱེད་དགོས། དེ་ལ་དགའ་ན་སྙིང་པོ་དེ་ཉིད་ཆེས་གསལ་བར་གྱུར་ནས་དེའི་བདེ་བ་ནི་ནམ་ཡང་རྫོགས་པ་མེད་པར་ད་དུང་གོང་ནས་གོང་དུ་འཕེལ་བར་གྱུར། འཇིག་རྟེན་པ་དང་ང་ཚོ་ཕྱག་རྒྱ་ཆེན་པོ་ཉམས་ལེན་པ་རྣམས་ཀྱི་དགའ་བ་དང་དངངས་སྐྲག་སྐྱེས་ཡུལ་ཐ་དད་པ་བཤད་པ་ཡིན" ཞེས་གསུངས་སོ།
རྩ་བར། འགྲོ་བའི་རང་བཞིན་རྟག་ཏུ་སངས་རྒྱས་ཀྱང༌། །མ་རྟོགས་དབང་གིས་མཐའ་མེད་འཁོར་བར་འཁྱམས། །སྡུག་བསྔལ་མུ་མཐའ་མེད་པའི་སེམས་ཅན་ལ། །བཟོད་མེད་སྙིང་རྗེ་རྒྱུད་ལ་སྐྱེ་བར་ཤོག །ཅེས་པའི་སྐབས་སུ་གནས་ལུགས་ཕྱག་རྒྱ་ཆེན་པོ་དང་སྙིང་རྗེ་ཟུང་འཇུག་གི་སྒོ་ནས་ཉམས་སུ་ལེན་པ་དེ་ཡིན་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་སྒོམ་ཉམས་ལེན་སོགས་བྱ་བའི་ཚེ་སྙིང་རྗེ་གཙོ་བོ་ཡིན་པ་དང་བྱམས་པ་སོགས་ཚད་མེད་བཞི་རྣམས་སྙིང་རྗེར་འདུས་པ་དང་། རྣམ་རྟོག་གིས་བསྐྲུན་པའི་སྙིང་རྗེ་དེ་ཉིད་ལ་བརྟེན་ནས་དོན་དམ་བདེ་གཤེགས་སྙིང་པོའི་སྙིང་རྗེ་དེ་མངོན་དུ་བྱ་དགོས་པའི་ཚུལ་གསུངས།
ཆོས་ཐུན་འདིའི་ནང་དུ་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་རང་ལུགས་བཀའ་བརྒྱུད་པའི་ཐུན་མོང་མ་ཡིན་པའི་བཞེད་ཕྱོགས་ལྟ་སྒོམ་སྤྱོད་གསུམ་སྐོར་ཤིན་ཏུ་ཟབ་གནད་དུ་མར་གསུངས་ཡོད་པས་མཐའ་དག་འདིར་བཀོད་ཐབས་བྲལ་བས་མཁྱེན་འདོད་མཆིས་རིགས་རྣམས་དྲྭ་རྒྱའི་ཐོག་ནས་གཟིགས་པར་ཞུ།
འོན་ཀྱང་འདིར་བཀའ་ཁྲིད་ཀྱི་སྙིང་བསྡུས་ཙམ་ཞིག་གསར་འགྱུར་ཀྱི་ཚུལ་དུ་གངས་ལ་ཉི་ཤར་ནས།