ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༢ ཉིན་གནས་མཆོག་རྡོར་གདན་གྱི་ཉེ་འདབས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རར་ཞོགས་པ་ཚོུད་ ༨ པ་ནས་ ༡༡ དང་ཕྱེད་བར་ཆོས་ཐུན་གཉིིས་རིང་། བཀའ་བརྒྱུད་སྨོན་ལམ་སྐབས་སོ་ལྔ་པའི་སྔོན་འགྲོའི་གསུང་ཆོས་སྐབས་སྒྲུབ་བརྒྱུད་བསྟན་པའི་དཔལ་མགོན་༧སྐྱབས་རྗེ་གོ་ཤྲཱི་༧རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་སྩལ་སྐབས་སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་དབུས་རྒྱ་བལ་འབྲུག་གསུམ་སོགས་ནས་ཕེབས་པའི་བླ་སྤྲུལ་མཁན་སློབ་འདུས་པ་རྒྱ་མཚོ་དང་། ཕྱི་ནང་ཡུལ་གྲུ་སྣ་ཚོགས་ནས་ཕེབས་པའི་དད་ལྡན་ཕོ་མོ་ཡོངས་ལ་བཀའ་སྩལ་ཕེབས་དོན།
དེ་ཡང་༧རྒྱལ་དབང་ཡིད་བཞིན་ནོར་བུས་བཀའ་ཕེབས་པ་བཞིན། ༧རྒྱལ་དབང་ཀརྨ་པའི་སྐུའི་ཕྲེང་བ་འཛིན་པ་གསུམ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་གསུང་ཕྱག་ཆེན་སྨོན་ལམ་དེ་དག་ཞུ་རྒྱུ་ཡིན། རང་བྱུང་རྡོ་རྗེ་ཁོང་ཡང་སྤྱིར་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དང་བྱེ་བྲག་ཀརྨ་ཀཾ་ཚང་ལ་བཀའ་དྲིན་ཆེན་པོ་ཡིན། དེ་ཡང་ཐོག་མར། ན་མོ་གུ་རུ། གསུངས་པ་དེ་རང་གི་རྩ་བའི་བླ་མའི་བཀའ་དྲིན་དྲན་པའི་ཐོག་ནས་ཕྱག་མཛད་པ་རེད། དེའི་རྗེས་ལ་བླ་མ་དང་ཡི་དམ་ལ་ཕྱག་མཛད་པ་རེད།
རྩ་བ། བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ།།ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས།།བདག་ལ་བརྩེར་དགོངས་བདག་གི་སྨོན་ལམ་རྣམས།།ཇི་བཞིན་འགྲུབ་པའི་མཐུན་འགྱུར་བྱིན་བརླབས་མཛོད།།ཅེས་གསུངས་པས་རྡོ་རྗེ་འཆང་ནས་མར་དུས་མཁྱེན་སོགས་བརྒྱུད་པའི་བླ་མ་ཡོངས་ལ་ཕྱག་མཛད་པ་ཡིན། གཞན་ཡང་སྡོམ་པ་བརྒྱུད་པའི་བླ་མ་དང་དེ་བཞིན་ང་ཚོའི་བཀའ་བརྒྱུད་ནང་བླ་མ་མང་པོ་ཡོད་པ་དེ་དང་རྒྱུད་སྡེ་བཞིའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་ལ་ཕྱག་མཛད་པ་ཡིན། ཞེས་སོགས་དང་།
རྩ་བ། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི།།བསམ་སྦྱོར་རྣམ་དག་གངས་རི་ལས་སྐྱེས་པའི།།འཁོར་གསུམ་རྙོག་མེད་དགེ་ཚོགས་ཆུ་རྒྱུན་རྣམས།།རྒྱལ་བ་སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག །འདི་སྐབས་དཔེ་དང་སྦྱར་ནས་དོན་སྙིང་ལྡན་པ་གསུངས་མཇུག་འདི་ནང་པ་སངས་རྒྱས་པ་སྤྱིའི་ལུགས་ལྟར་སྨོན་ལམ་འདེབས་པ་རེད་ཅེས་གསུངས།
རྩ་བ། ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུ།།སྐྱེ་དང་སྐྱེ་བ་ཚེ་རབས་ཀུན་ཏུ་ཡང༌།།སྡིག་དང་སྡུག་བསྔལ་སྒྲ་ཡང་མི་གྲགས་ཤིང༌།།བདེ་དགེའི་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །ཞེས་པས། ཇི་སྲིད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ། ཆོས་བྱེད་དགོས། དེ་སྲིད་བར་དུ་མཐུན་འགྱུར་བཟང་པོ་ཡོང་བའི་ཆེད་སྨོན་ལམ་བཏབ་པ་རེད། དེ་ཡང་སྐྱེ་བ་འདི་དང་ཕྱི་མ་ཐམས་ཅད་དུ་ལུས་རྟེན་དང་རིགས་རུས་བཟང་པོ་འཐོབ་པའི་ཆེད་དང་། སྡིག་སྡུག་གི་སྒྲ་ཙམ་ཡང་མེད་པའི་ཞིང་མཆོག་བདེ་ཆེན་ཞིང་ལ་སོགས་པར་སྐྱེ་བའི་ཆེད་སྨོན་ལམ་བཏབ་པ་རེད།
རྩ་བ། དལ་འབྱོར་མཆོག་ཐོབ་དད་བརྩོན་ཤེས་རབ་ལྡན།།བཤེས་གཉེན་བཟང་བསྟེན་གདམས་པའི་བཅུད་ཐོབ་ནས།།ཚུལ་བཞིན་བསྒྲུབ་ལ་བར་ཆད་མ་མཆིས་པར།།ཚེ་རབས་ཀུན་ཏུ་དམ་ཆོས་སྤྱོད་པར་ཤོག །དེ་ཡང་ཚེ་རབས་ཐམས་ཅད་དུ་དལ་འབྱོར་ཕུན་སུམ་ཚོགས་པར་ཆོས་སྒྲུབ་པའི་གོ་སྐབས་མེད་པ་མ་ཡིན་པར་དལ་བ་དང་ལྡན་པའི་སྒོ་ནས་ཆོས་སྒྲུབ་པའི་རྟེན་ཚང་ཡང་སེམས་ཀྱི་ཁམས་མ་བདེ་བར་དབང་པོ་དང། སྡོམ་པ་དམ་ཚིག་ཉམས་པའི་རྐྱེན་དུ་འགྱུར་བ་མ་ཡིན་པར་དད་བརྩོན་ཤེས་རབ་གསུམ་གྱི་སྒོ་ནས་དམ་ཆོས་ཚུལ་བཞིན་སྒྲུབ་དགོས་པར་བསྟན། དཔེར་ན་སངས་རྒྱས་ཀྱི་ཉེ་གནས་དང་རྗེ་བཙུན་མི་ལས་རས་པའི་དཀའ་སྤྱད་སྙིང་རུས་ལ་དཔེ་བཞག་སྟེ་གསལ་བཤད་རྒྱས་པར་གནང་རྗེས་ཆོས་ཐུན་དང་པོ་གྲུབ་སྟེ་གསོལ་ཇའི་བར་གསེང་མཛད།
དེ་རྗེས་སླར་ཡང་སྒྲོལ་མའི་གྲངས་གསོག་གི་དབུ་བཟུང་སྟེ་ཆོས་ཐུན་གཉིས་པ་དབུ་འཛུགས་བསྐྱངས།
ཕྱག་ཆེན་གྱི་དོན་རྟོགས་པའི་ཤེས་རབ་སྐྱེ་བའི་སྨོན་ལམ་འདེབས་པ་རེད། དེ་ཡང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྐྱེ་བའི་སྨོན་ལམ་འདེབས་པ་ཡིན།
རྩ་བ། ལུང་རིགས་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ།།མན་ངག་བསམ་པས་ཐེ་ཚོམ་མུན་ནག་བཅོམ།།སྒོམ་བྱུང་འོད་ཀྱིས་གནས་ལུགས་ཇི་བཞིན་གསལ།།ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག །དེ་ཡང་མན་ངག་ཅེས་པ་ནི་ཚིག་ལས་སླ་པོའི་སྒོ་ནས་དོན་ཟབ་མོ་རྟོགས་ཐུབ་པ་ཞིག་ལ་གོ་དགོས། དེ་ལྟ་བུའི་མན་ངག་དེ་ཡང་ཕྱག་ཆེན་ཟླ་བའི་འོད་ཟེར་དང་ངེས་དོན་རྒྱ་མཚོ་སོགས་ལ་བརྟེན་ནས་རྟོགས་ཐུབ་པ་ཡིན། ཕྱག་ཆེན་གྱི་དོན་རྟོགས་པ་དེ་ཡང་སངས་རྒྱས་ཀྱི་ཕྲིན་ལས་དང་བླ་མའི་བྱིན་རླབས་ལ་བརྟེན་ནས་མངོན་དུ་འགྱུར་དགོས་པ་ཡིན། དེར་བརྟེན་སྒོ་གསུམ་གྱི་ཤེས་རབ་དེ་དག་གི་སྣང་བ་རྒྱས་པར་ཤོག་ཅེས་སྨོན་ལམ་བཏབ་པ་རེད།
དེའི་རྗེས་ལ་ཤེས་རབ་དེ་དག་ལ་བརྟེན་ནས་ལམ་རྒྱས་པའི་སྨོན་ལམ་བཏབ་པ་རེད། རྩ་བ། རྟག་ཆད་མཐའ་དང་དེ་ཉིད་གཞི་ཡི་དོན། །སྒྲོ་སྐུར་མཐའ་བྲལ་ཚོགས་གཉིས་ལམ་མཆོག་གིས། །སྲིད་ཞིའི་མཐའ་བྲལ་དོན་གཉིས་འབྲས་ཐོབ་པའི། །གོལ་འཆུགས་མེད་པའི་ཆོས་དང་འཕྲད་པར་ཤོག །
དེ་ཡང་དང་པོ་རྟག་ཆད་ཀྱི་མཐའ་གཉིས་སྤང་དགོས་པ་རེད། འཇིག་རྟེན་གྱི་རྨོངས་པ་ཕལ་ཆེར་རྟག་ཆད་གཉིས་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། རྟག་ཆད་དེ་ལ་ཡང་ཕྲ་རགས་ཀྱི་དབྱེ་བ་དུ་མ་ཞིག་ཡོད་ཅེས་གསུངས་ནས་རྟག་ཆད་ཀྱི་དབྱེ་བ་དང་གྲངས་ངེས་ལེགས་པར་གསུངས། དེ་དག་གི་མཇུག་ཏུ། སངས་རྒྱས་ཀྱིས་སྐབས་འགར་ཕྱག་ཆེན་དེ་དག་ཡོད་མེད་དང་ཡོད་པ་དང་མེད་པ་གསུངས་པ་དེ་དག་ཐམས་ཅད་ཟུང་དུ་འཇུག་པའི་སྒོ་ནས་རྟོགས་དགོས། དེ་དག་ཟུང་དུ་འཇུག་པའི་སྒོ་ནས་རྟོགས་ན་ཆོས་སྐུ་ཡི་ཡོན་ཏན་སོགས་རྒྱུད་ལ་སྐྱེ་བ་ཡིན། མདོར་ན་རྟག་ཆད་ལས་གྲོལ་ན་སྒྲོ་སྐུར་གྱི་མཐའ་གཉིས་ལས་གྲོལ་བ་ཡིན། ཁ་ཤས་སྟོང་ཉིད་ལ་ཞེན་དྲགས་ནས་ཕྱག་ལེན་སོགས་བྱེད་མ་བྱེད་ཕན་ཐོགས་མེད་པར་སེམས་ཏེ་སྒོམ་རྒྱག་པ་ཁོ་ནས་ཆོག་པར་འཛིན་པ་ཡང་ཡོད། དེ་ཡང་མཐའ་ལ་ལྷུང་བ་ཡིན། དེ་ལྟ་བུ་མ་ཡིན་པར་མཐའ་གཉིས་ལ་མ་ལྷུང་བར་ཚོགས་གཉིས་ཟུང་འཇུག་ཏུ་སྒྲུབ་དགོས། དེ་ལྟ་བུ་ཚོགས་གཉིས་ཟུང་དུ་འཇུག་པ་ལ་བརྟེན་ནས་འབྲས་བུ་ཡང་སྐུ་གཉིས་ཟུང་འཇུག་བསྒྲུབས་པ་ཡིན་ནོ། །མདོར་ན་སྲིད་ཞི་གཉིས་ཀྱི་མཐའ་སྤངས་ནས་ཤེས་རབ་སྟོང་པ་ཉིད་ཀྱིས་སྲིད་པའི་མཐའ་སྤངས་པ་དང་སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་བསྐྱེད་བཟང་པོ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། དེ་ཡང་ཇི་སྲིད་སེམས་ཅན་གྱི་མཐའ་མ་ཟད་བར་དུ་བློས་མི་གཏོང་སྙམ་པ་ཞིག་དགོས་པ་ཡིན། དཔེར་ན་སྟོན་པ་ཤཱཀྱ་ཐུབ་པ་རང་ཉིད་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་སུམ་སྟོང་ལྷག་ཙམ་སོང་ཟིན་ཀྱང་ཁོང་གི་སྐུ་ཡི་སྤྲུལ་པ་སྣ་ཚོགས་ཀྱིས་ད་ལྟ་ཡང་དོན་མཛད་པ་ལྟ་བུ་རེད། དེ་ཡང་དང་པོ་བདེན་གཉིས་ཟུང་འཇུག་ཤེས་དགོས། དེའི་རྗེས་ལ་ལམ་ཚོགས་གཉིས་ཟུང་འཇུག་ཏུ་ཤེས་དགོས། དེ་དག་ལ་བརྟེན་ནས་འབྲས་བུ་སྐུ་གཉིས་ཟུང་འཇུག་ཏུ་འཐོབ་པ་ཡིན། དེ་ལྟ་བུའི་གནད་རྟོགས་ནས་ལམ་འཁྲུལ་མེད་རྒྱུད་ལ་སྐྱེ་བར་ཤོག་ཅེས་གསུངས་པ་རེད།
ད་ནི་ཆོས་སྤྱི་ལ་དམིགས་པ་དང་ཆོས་བྱེ་བྲག་པ་ལ་དམིགས་ནས་སྨོན་ལམ་བཏབ་པ་རེད། རྩ་བ། སྦྱང་གཞི་སེམས་ཉིད་གསལ་སྟོང་ཟུང་འཇུག་ལ། །སྦྱོང་བྱེད་ཕྱག་ཆེན་རྡོ་རྗེ་རྣལ་འབྱོར་ཆེ། །སྦྱང་བྱ་གློ་བུར་འཁྲུལ་པའི་དྲི་མ་ཡིས། །སྦྱངས་འབྲས་དྲི་བྲལ་ཆོས་སྐུ་མངོན་འགྱུར་ཤོག །
སྒྲིབ་པ་སྤངས་པའི་གཞི་སེམས་ཀྱི་གནས་ལུགས་ལ་ཕྱག་རྒྱ་ཆེན་པོ་ཡོད་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ། སྙིང་པོ་རྩ་བ་ནས་མེད་པའི་གཞི་ལ་ལོ་ཟླ་ཇི་ཙམ་འབད་ཀྱང་ངལ་བ་དོན་མེད་ཡིན། སྙིང་པོ་དེ་དག་ང་ཚོའི་རྒྱུད་ལ་ཡོད་པས་དོན་མེད་མ་ཡིན། སྐབས་དེར་མདོ་དང་བསྟན་བཅོས་ནས་གསུངས་པའི་སྙིང་པོ་སྒྲུབ་བྱེད་ཀྱི་དཔེ་རྣམས་གསལ་རྒྱས་རྫོགས་གསུམ་གྱི་སྒོ་ནས་སྩལ་སོང་། སླར་ཡང་། སྤྱིར་བཏང་ཕྱི་ཡི་ཤེས་བྱ་དེ་དག་སྦྱོང་བ་ལ་སྒྲིབ་པ་སྤང་མ་དགོས་ཀྱང་ཕྱག་ཆེན་དེ་དག་རང་རྒྱུད་ལ་སྐྱེ་བ་ལ་སྒྲིབ་པ་ཅུང་ཟད་སྤངས་པའི་སྒོ་ནས་རང་རྒྱུད་ལ་སྐྱེ་བར་བྱ་དགོས། དེ་འདྲ་ཡིན་ཙང་ཐུན་མོང་གི་སྔོན་འགྲོ་སོགས་ཉམས་ལེན་གནང་ནས་རིམ་བཞིན་དེ་ལ་འཇུག་དགོས་པ་ཡིན། གོང་དུ་བཤད་པ་ལྟ་བུའི་ཆོས་སྐུ་མངོན་དུ་འགྱུར་ན་སྐུ་གཞན་རྣམས་རང་ཤུགས་ཀྱིས་འབྱུང་བ་ཡིན་གསུངས་ཡོད། སྤྱིར་ང་རང་ཚོས་ལྷ་སྐུ་ཞི་དྲག་དང་ཕྱག་མཚན་སོགས་སྒོམ་པ་ཀུན་གྱི་ནང་ནས་ཕྱག་རྒྱ་ཆེན་པོ་སྒོམ་པ་དེ་ཉིད་སྒོམ་པ་ཀུན་གྱི་ནང་ནས་ཕུལ་དུ་ཕྱིན་པའམ་བཟང་བའམ་གྲགས་ཆེ་བ་ཡིན་པ་ཡང་གསུངས་ཡོད། དེས་ཆོས་ཐུན་གཉིས་པ་གྲུབ་པ་ཡིན་གསུངས་རྗེས་འདུས་མང་ཡོངས་ནས་ཕྱག་ཆེན་སྨོན་ལམ་དང་བོད་ཡུལ་བདེ་སྨོན་དབྱངས་དང་བཅས་པར་བླངས་ནས་སྔ་དྲོའི་ཆོས་ཐུན་རེ་ཞིག་ལེགས་པར་གྲུབ་བོ། །
བསམ་གཏན་མཐར་ཕྱིན་ནས།