བཀའ་བརྒྱུད་དགུན་ཆོས་ཐེངས་ཉི་ཤུ་རྩ་གཉིས་པ་ལ་ཕེབས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། དེ་བཞིན་སློབ་གཉེར་བ་རྣམ་པ་ཚང་མ་ལ་ངས་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རེས་དགུན་ཆོས་དེ་ལ་ཧ་ཅང་གི་གྲ་རྒྱས་པོ་ཕུན་སུམ་ཚོགས་པ་བྱུང་འདུག ལྷག་པར་དུ་ཆོས་བརྒྱུད་ཆེན་པོ་ཁག་ནས་དཔང་པོ་གདན་འདྲེན་ཞུས་ཏེ་དབུ་མ་དང་ཚད་མའི་སྐོར་ལ་འགྲན་རྩོད་གནང་། དེ་ཚོའི་གྲུབ་འབྲས་ཡིན་ན་ཡང་དཔེ་མི་སྲིད་ཡག་པོ་ཐོན་ཡོད་པ་དེ་འདྲ་ཞིག་རེད། དེ་བཞིན་ཀརྨ་ཀཾ་ཚང་གི་ཕ་ཆོས་གསེར་གྱི་ཡང་ཞུན་ལྟ་བུ་རྡོ་རྗེ་ཕག་མོ་ལྷན་ཅིག་སྐྱེས་མའི་སྒྲུབ་མཆོད་འཚོགས་གནང་ནས་ནམ་རྒྱུན་བཤད་གྲྭ་བ་ཚོས་འདོན་ཆོ་ག་ཕྱག་ལེན་དེ་ཚོ་ལ་ཐུགས་སྣང་མེད་པ་དང་སྣང་ཆུང་ཁྱད་གསོད་བྱེད་པ་དེ་འདྲའི་སྣང་ཚུལ་ཞིག་ཡོད་པ་དེ་མེད་པ་ཆགས་ཏེ་ཧ་ཅང་གི་ཡག་པོ་བྱུང་འདུག་བསམ་པ་དྲན་བྱུང་། སྤྱིར་བཏང་གི་རྣམ་པ་ལྷན་རྒྱས་ཚོ་ལ་ཞུ་དགོས་མ་རེད། བོད་ལ་བཤད་བརྒྱུད་དང་སྒྲུབ་བརྒྱུད་ཟེར་བ་བཤད་སྒྲུབ་ཀྱི་སྡེ། བཤད་བརྒྱུད་འཛིན་པ་དང་སྒྲུབ་བརྒྱུད་འཛིན་པ་ཟེར་བ་དེ་བོད་ལ་བྱུང་བ་ཡིན་པ་རེད། དེ་ཡོང་བ་དེའང་སྤྱིར་བཏང་གི་སངས་རྒྱས་བསྟན་པ་དེེ་ལུང་དང་རྟོགས་པའི་བསྟན་པ་གཉིས་སུ་ཕྱེས་ཡོད། དེ་གཉིས་ཀྱང་ཁ་བྲལ་དུ་མི་རུང་བ་རྒྱུ་འབྲས་ཀྱི་ཚུལ་དུ་ཡོང་བསྡད་པ་དེ་འདྲ་ཆགས་བསྡད་ཡོད་རེད། དེ་ནས་བཤད་བརྒྱུད་སྒྲུབ་བརྒྱུད་སོ་སོ་ཡོང་དགོས་པ་དེ་ཡང་གཙོ་བོ་དེ་བླ་མ་གོང་མ་རྣམ་པ་ཚོའི་རང་རང་སོ་སོ་ཡིས་ཐུགས་དམ་ཉམས་བཞེས་མཛད་པའི་སྐབས་ལ་ཐུགས་སྣང་མཛད་ཆེ་ཆུང་དང་། རྩལ་འདོན་ཆེ་ཆུང་དེ་འདྲ་ཞིག་གི་ཐོག་ནས་ཡོང་བ་མ་གཏོགས་རྩ་བའི་ཆ ནས་ཆོས་བརྒྱུད་ཚང་མ་ལ་ལུང་དང་རྟོགས་པའི་བསྟན་པ་གཉིས་ཀ་ཆ་ཚང་བ་ཕུན་སུམ་ཚོགས་པ་ཞིག་ཡོད་བསྡད་པ་དེ་བཤད་མི་དགོས་པ་དེ་འདྲ་ཞིག་རེད། བཀའ་བརྒྱུད་པ་ལ་ཆ་མཚོན་པ་ཡིན་ན་སྤྱིར་བཏང་དང་པོ་སྒྲུབ་བརྒྱུད་འཛིན་པ་ཞེས་གང་ལྟར་བཀའ་བརྒྱུད་གོང་མ་མར་མི་ཡབ་སྲས་མར་པ་དང་མི་ལ་རས་པ་དྭགས་པོ་རིན་པོ་ཆེ་ཡབ་སྲས་རྣམས་ཀྱིས་གཙོ་བོ་སྒྲུབ་པའི་བསྟན་པ་ལ་རྩལ་འདོན་གནང་མཛད་དེ་སྒྲུབ་པ་སྙིང་པོ་མཛད་པ་དེ་འདྲ་ཞིག་རྣམ་ཐར་གཙོ་ཆེར་གནང་བ་ཡིན་པ་རེད། ཡིན་ན་ཡང་སྤྱིར་བཏང་གི་སྒྲུབ་པ་ཉམས་ལེན་ཟེར་བ་དེ་གལ་ཆེན་པོ་ཞེད་པོ་རེད་དེ་ཚང་མས་རི་ཡི་བུ་བྱས། ན་བུན་གྱི་གོས་གྱོན། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར། ཞེན་ལོག་དང་མོས་གུས་ཀྱི་རྐང་ཟིན་པ་ཡོང་བ་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། དེ་ཡིན་དུས་ཁ་ཤས་ཁ་ཤས་ཀྱིས་དེ་འདྲ་བླ་མ་གོང་མའི་མན་ངག་ཀྱང་མེད་པར་གཞུང་དཔེ་ཆ་དེ་ཚོ་ལ་སློབ་གཉེར་ཞེ་དྲག་མ་བྱས་པར་དེ་ག་ཙམ་རི་ལ་འཛུལ་བསྡད་པ་ཡིན་དུས་བཀའ་བརྒྱུད་པ་དེ་ཚོ་བླུན་སྒོམ་རིའི་འཕྱི་བ་ལྟ་བུ་རེད་ཅེས་སྨད་པ་བྱེད་མཁན་དང་། ཁྱད་གསོད་བྱེད་མཁན་དེ་འདྲ་ཡང་མང་པོ་བྱུང་བ་ཡིན་པ་རེད། དེ་ཡིན་དུས་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རྩེད་ཐང་གི་ཆོས་གྲྭ་བཏབ་དགོས་པའི་རྒྱུ་མཚན་དེ་ཡང་དེ་འདྲ་ཞིག་ལ་ཐུག་ཡིན་ས་རེད་བསམ་པ་ཞིག་འདུག ཁོང་གིས་ག་རེ་གསུང་ཡོད་རེད་ཅེ་ན་སྔར་བདེ་གཤེགས་ཕག་མོ་གྲུབ་པ་ལྟ་བུ་ཡིན་ན་མཁས་པ་དང་གྲུབ་པ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་རེད་འདུག ཡིན་ན་ཡང་དེའི་རྗེས་སུ་འཇུག་པ་དེ་ཚོ་སློབ་གཉེར་ཞི་དྲག་པ་ཡིན་དུས་དེའི་རྒྱུ་མཚན་ལ་བརྟེན་ནས་མིའི་མི་གོ་མ་ཆོད། ཆོས་ཀྱི་ཆོས་གོ་མ་ཆོད་པ་དེ་འདྲའི་གནས་ཚུལ་ཡོང་བསྡད་ཀྱི་འདུག་ཅེས་གསུང་ནས་ཁོང་གིས་རྩེད་ཐང་གི་ཆོས་གྲྭ་ཟེར་ནའང་འདྲ་བཤད་གྲྭ་དེ་བཏབ་གནང་བ་ཡིན་ཞེས་གསུངས་ཡོད། དེ་བཞིན་དུ་ཀརྨ་ཀཾ་ཚང་ལ་ཆ་མཚོན་པ་ཡིན་ན་རྗེ་དྲུག་པ་མཐོང་བ་དོན་ལྡན་གྱིས་རོང་སྟོན་ཤེས་བྱ་ཀུན་རིག་གི་དྲུང་ནས་གཞུང་ཆེན་པོ་གསན་བཞེས་གནང་། དེ་དུས་རོང་སྟོན་ཆེན་པོས་ང་ལ་སློབ་མ་སངས་རྒྱས་ཡོད་པ་ཡིན་ནོ་ཞེས་བསྟོད་པ་ཆེན་པོ་མཛད། དེ་བཞིན་རྗེ་བདུན་པའི་སྐབས་ལ་ཡང་ཁོང་གི་སློབ་མ་ས་དཀར་གཉིས་ཀྱི་སྡེ་སྣོད་འཛིན་པ་ཆེན་པོ་བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པ་ལ་བཤད་པའི་བསྟན་པ་བཙུགས་དགོས་ཡོད་གསུང་ནས་བཤད་གྲྭ་གསར་དུ་བཙུགས། དེའི་དུས་ལ་ཀརྨ་ཕྲིན་ལས་པས་ཀྱང་སློབ་ཁྲིད་མཛད། དེ་བཞིན་རྗེ་བདུན་པས་ཀྱང་ཚད་མ་རིགས་གཞུང་རྒྱ་མཚོ་བརྩམས་གནང་ཞིང་གང་ལྟར་བཤད་པའི་སྡེ་དངོས་སུ་ཀརྨ་ཀཾ་ཚང་ནང་དུ་བྱུང་ཡོད་པ་ཞིག་རེད་འདུག དེ་བཞིན་རྗེ་བརྒྱད་པའི་སྐབས་ལ་ཡིན་ན་ཡང་ཞུ་མི་དགོས་པར་གཞུང་ཆེན་པོ་དབུ་མའི་འགྲེལ་ཆེན་དང་། དེ་བཞིན་ཕར་ཕྱིན་གྱི་འགྲེལ་ཆེན། མཛོད་དང་འདུལ་བའི་འགྲེལ་ཆེན་མཛད་དེ་གཞུང་བཀའ་པོད་ལྔ་ཆ་ཚང་བ་ཞིག་བ་ཞིག་བྱུང་བ་ཡིན་པ་རེད། དེ་བཞིན་རྗེ་དགུ་པའི་སྐབས་ལ་ཡིན་ན་ཡང་རྗེ་བརྒྱད་པའི་མཛད་བཞག་པ་དེ་ཚོ་ལ་བསྡུས་འགྲེལ་མཛད་དེ་དེ་འདྲའི་ཐོག་ནས་ཡིན་ན་ཡང་བཤད་པའི་སྡེ་དེ་ཚོ་མུ་མཐུད་དར་རྒྱས་བྱུང་། ཡིན་ན་ཡང་བློ་ཕམ་པ་ཞིག་ལ་ཀརྨ་པ་བཅུ་པའི་སྐབས་ལ་སོག་པོའི་དམག་བོད་དབུས་གཙང་ལ་བྱུང་ནས་བཀའ་བསྟན་ལ་ཉམས་ཆག་ཆེན་པོ་བྱུང་ཞིང་དེ་ནས་བཟུང་ཕལ་ཆེར་དབུས་གཙང་གི་ཕྱོགས་ལ་བཀའ་བརྒྱུད་པའི་བཤད་གྲྭ་ཟེར་བ་ཕལ་ཆེར་མེད་པའི་བཟོ་ཆགས་ཡིན་པ་རེད་འདུག ཕྱིས་སུ་སི་ཏུ་པཎ་ཆེན་གྱི་སྐུ་དྲིན་ལ་བརྟེན་ནས་མདོ་ཁམས་དཔལ་སྤུངས་ཀྱི་གདན་ས་ལ་རིག་གནས་དང་། དེ་བཞིན་ནང་བརྟག་རྒྱུད་གསུམ་ལ་སོགས་པ་གཞུང་ལ་སློབ་གཉེར་བྱ་རྒྱུ་རིམ་པ་བཞིན་དུ་བྱུང་། དེ་བཞིན་བྱམས་མགོན་སི་ཏུ་སྐུ་གོང་མ་པདྨ་དབང་མཆོག་རྒྱལ་པོའི་སྐུ་དུས་ལ་རྗེ་བརྒྱད་པའི་གཞུང་འགྲེལ་དང་། རྗེ་བདུན་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་དེ་ཚོ་པར་དུ་བཏབ་པར་མཛད་ཅིང་། དེའི་སྐུ་དྲིན་ལ་བརྟེན་ནས་ཕྱིས་སུ་རྒྱལ་དབང་རིག་པའི་རྡོ་རྗེའི་སྐབས་སུ་ཡིན་ན་ཡང་གཞུང་ལྟ་རྒྱུའི་དཔེ་དེ་ཚོ་ཚང་མ་དཔལ་སྤུངས་པར་མ་གཞི་བཞག་གནང་བ་དེ་འདྲ་རེད། དེ་ཚོ་ཚང་མ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཟེར་ན་འདྲ། གང་ལྟར་འགྲོ་སྟངས་འགྲོ་ལུགས་དེ་འདྲ་ཞིག་ཡིན་པ་འདྲ། གང་ལྟར་ཡང་སྔོན་མ་ཡིན་ན་བོད་ལ་ཐོག་མར་བརྒྱད་ཅུ་གྱ་གྲངས་ནང་དུ་སྲིད་ཇུས་གུ་ཡངས་བྱུང་ཚར་བའི་རྗེས་ལ་དང་པོ་བཀའ་བརྒྱུད་ཀྱི་མཁན་པོ་ཟེར་ནའང་འདྲ་འདུག་སློབ་གཉེར་བྱེད་མཁན་འགའ་ཞིག་གཙོ་བོར་ཆོས་བརྒྱུད་གཞན་དག་ལ་སློབ་གཉེར་གནང་བ་མ་གཏོགས་པར་བཀའ་བརྒྱུད་པ་རང་གི་གཞུང་ཆེན་པོའི་འགྲེལ་བ་ལ་ལྟ་རྟོག་བྱེད་པ་ལ་ཡིག་ཆ་ཁོ་རང་རྙེད་ཀྱི་ཡོད་མ་རེད། ཕྱིས་སུ་རྒྱ་གར་ནས་གཞུང་འགྲེལ་ཆེན་མོ་དེ་ཚོ་རིམ་པར་བོད་ལ་འབྱོར་ནས་སྐབས་དེ་དུས་ཆོས་བརྒྱུད་གཞན་དག་གི་མཁས་པ་དེ་ཚོས་ཁྱེད་རང་ཚོ་བཀའ་བརྒྱུད་པ་ལ་དེ་འདྲའི་གཞུང་ཆེན་པོའི་འགྲེལ་པ་ཡོད་པ་རྩ་བ་ནས་ཧ་གོ་མ་སོང་དེ་དཔེ་མི་སྲིད་པའི་ཧ་ལས་པ་ཧོན་འཐོར་དགོས་པ་ཞིག་རེད་ཅེས་ཟེར་ནས་བཀའ་མོལ་གནང་བསྡད་ཀྱི་འདུག་ཅེས་ངའི་གོ་མྱོང་ཡོད། ད་གང་ལྟར་ད་ལྟའི་ལ་ཡིག་ཆ་དེ་ཚོ་ཡིན་ན་ཡང་གྲ་རྒྱས་ཕུན་སུམ་ཚོགས་པ་དེ་འདྲ་བྱུང་བསྡད་ཡོད་རེད། དེ་བཞིན་སྤྱིར་དྭགས་པོ་བཀའ་བརྒྱུད་ནང་དུ་ཀརྨ་ཀཾ་ཚང་གི་གཞུང་ཆེན་པོའི་ཡིག་ཆ་ཕུན་སུམ་ཚོགས་ཤོས་གྲ་རྒྱས་ཤོས་ཆགས་བསྡད་འདུག་བསམ་དྲན་གྱི་འདུག དེའི་ཐོག་ལ་ཀུན་མཁྱེན་པདྨ་དཀར་པོའི་གཞུང་འགྲེལ་དེ་ཚོ་ཡང་ཡོད་བསྡད་ཡོད་རེད། ཡིན་དུས་དེ་ཚོ་ཚང་མ་དེ་སློབ་གཉེར་གནང་རྒྱུ་དེ་ཡང་གཙོ་བོ་རེད། སློབ་གཉེར་བྱེད་སྟངས་དེ་ཡང་དེ་ག་ཙམ་འགྲོ་ལོ་ཙམ་དེ་འདྲ་ཞིག་གི་མི་ཕན་པར་སློབ་གཉེར་ལ་ག་ཚད་ཡིན་ནའང་སྤུས་ཀ་དག་པོ་ཞིག་དང་། ཚད་མཐོན་པོ་ཞིག དེ་བཞིན་དཔེར་ན་གྲུབ་མཐའ་གཞན་དག་ལ་ཡང་མིག་ལྟོས་ཡར་བལྟས་བྱས་ཏེ་སློབ་སྦྱོང་བྱེད་དགོས་པ་ཞིག་དང་། དེ་བཞིན་དེ་ཙམ་མ་ཟད་པར་དེང་དུས་འཛམ་བུ་གླིང་གི་ཐོག་ལ་སློབ་ཁྲིད་བྱེད་སྟངས་དང་། སློབ་གཉེར་བྱེད་སྟངས། དེ་བཞིན་མི་རིགས་གཞན་དང་རིག་གཞུང་གཞན་ལ་མིག་ལྟོས་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་འདུག་བསམ་གྱི་འདུག ལྷག་པར་དུ་ང་ཚོ་བོད་པའི་དཔེ་ཆ་བལྟ་དུས་གཙོ་བོ་དེ་སོ་སོ་དང་འབྲེལ་ཡོད་ཀྱི་ཡིག་ཆ་བལྟ་བ་མ་གཏོགས་དེ་ལས་ལྷག་པའི་རྒྱ་གར་མཁས་པའི་གཞུང་དང་། དེ་བཞིན་བོད་ཀྱི་མཁས་པའི་གཞུང་ལའང་དོ་སྣང་བྱེད་རྒྱུ་དེ་ཉུང་ཉུང་རེད། དོ་སྣང་མ་བྱས་པ་ཡིན་དུས་དེ་འདྲའི་གཞུང་གང་དང་གང་ཡིན་པ་ཡིན་ན་ཡང་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་དང་། ཞིབ་འཇུག་མཐིལ་ཕྱིན་པ་ཡོང་རྒྱུ་དེ་ཁག་པོ་ཞེད་པོ་ཆགས་ཀྱི་འདུག དེ་དུས་རང་རང་གི་ཡིག་ཆ་གཙོ་བོ་བྱས། དེའི་ཟུར་རྒྱན་ནམ། དེའི་རྒྱབ་ཆོས་ལྟ་བུ་རྒྱ་གཞུང་དང་བོད་གཞུང་གང་ཡིན་ནའང་ལྟ་རྟོག་བྱེད་དགོས་པ་དེ་གལ་ཆེན་པོ་ཞེད་པོ་ཆགས་ཀྱི་འདུག ལྷག་པར་དུ་ང་ཚོ་བོད་པའི་སློབ་གཉེར་བྱེད་དུས་སྐྱོན་ཆ་ཞིག་ག་རེ་ཡོད་རེད་ཟེར་ན་ལོ་རྒྱུུས་ལ་ཞེ་དྲག་དོ་སྣང་མི་གནང་བ་ཡིན་དུས་དཔེར་ན་དབུ་མ་འཇུག་པའི་རྩ་བ་ལྟ་བུ་བསྒྱུར་བ་པོ་སུའི་བསྒྱུར་ཡིན། ག་དུས་བསྒྱུར་བ་ཡིན། འགྱུར་མི་འདྲ་བ་ཇི་ཙམ་ཡོད་དེ་འདྲ་ཤེས་མཁན་ཧ་ཅང་ཉུང་ཉུང་ཆགས་བསྡད་ཡོད། དེ་ཡིན་དུས་ངེས་པར་དུ་ལོ་རྒྱུས་དང་། དཔེར་ན་གྲུབ་མཐའ་ཆེན་མོ་བཞི་བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་དེ་ཚོའི་གྲུབ་མཐའི་ལོ་རྒྱུས་འགྲོ་སྟངས་འགྲོ་ལུགས། དེ་བཞིན་གྲུབ་མཐའ་དེ་དག་ལ་མཁས་པའི་མཁས་པ་དེ་ཚོ་ག་དུས་བྱུང་ཡོད་པ་དེ་ཚོའི་བྱུང་རིམ་དེ་ཚོ་གང་ལ་གང་འཚམས་ཤེས་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་འདུག་བསམ་དྲན་གྱི་འདུག དེ་དང་ཆབས་ཅིག་ཏུ་ང་རང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་འགྲོ་བསྡད་ཀྱི་ཡོད་པ་ཡིན་དུས་འཛམ་བུ་གླིང་པ་གཞན་དང་མཉམ་དུ་གོམ་གང་མདུན་སྤོས་བྱས་ཏེ་འགྲོ་དགོས་པ་ཡིན་དུས་དེ་འགྲོ་ཐུབ་པར་བྱེད་པ་ལ་དེང་དུས་ཀྱི་འགྲོ་སྟངས་དང་མཐུན་པ་ཤེས་བྱ་དང་རིག་གནས་གཞན་ལ་ཡང་སློབ་སྦྱོང་མ་བྱས་རང་བྱས་གྱུར་འདུག་བསམ་པ་དྲན་གྱི་འདུག དེང་དུས་དཔེར་ན་ཁྱབ་རྒྱ་ཆེ་བའི་སྐད་ཡིག་དབྱིན་སྐད་དང་རྒྱ་སྐད་ལ་སོགས་པ་ལ་སློབ་སྦྱོང་བྱེད་པ། དེ་བཞིན་ཚན་རིག་གི་ཤེས་བྱ་མང་པོ་ཞིག་གཙོ་བོ་རྩིས་ལ་བརྟེན་ནས་འགྲོ་དགོས་པ་ཡིན་དུས་རྩིས་རིག་དེ་གལ་ཆེན་པོ་ཞེ་དྲག་རེད། དེ་བཞིན་ཚན་རིག་ལ་ཆ་མཚོན་པ་ཡིན་ན་དངོས་ཁམས་རིག་པ། རྫས་འགྱུར་རིག་པ། དེ་བཞིན་ས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ་ལ་སོགས་དེ་དག་གི་རྨང་གཞིའི་ཤེས་བྱ་སློབ་སྦྱོང་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག དེའི་ཐོག་ལ་འཛམ་བུ་གླིང་གི་ལོ་རྒྱུས་དང་། ལྷག་པར་དུ་བོད་ཀྱི་ལོ་རྒྱུས། དེ་བཞིན་དུ་རང་དང་འབྲེལ་ཡོད་ཀྱི་བཀའ་བརྒྱུད་གོང་མ་རྣམ་པ་ཚོའི་རྣམ་ཐར་ལོ་རྒྱུས་ལ་སློབ་སྦྱོང་བྱེད་དགོས་རྒྱུ་ཞིག་དང་དེ་འདྲའི་སློབ་ཚན་ཚུགས་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག་བསམ་དྲན་གྱི་འདུག གཞན་མ་གཏོགས་སོ་སོའི་ཕ་མེས་ཀྱི་ལོ་རྒྱུས་དང་རྒྱུ་མཚན་མ་ཤེས་ན་ནགས་ཀྱི་སྤྲེའུ་དང་གཅིག་པ་རེད་ཅེས་བོད་ཀྱི་གནའ་རབས་ཀྱི་བོད་མི་དེ་ཚོས་དེ་འདྲ་གསུང་གི་ཡོད་རེད་དེ་དང་གཅིག་པ་ཆགས་བསྡད་ཡོད། དེ་ཡིན་དུས་དེའི་རྒྱུ་མཚན་ལ་བརྟེན་ནས་ཚང་མས་ཐུགས་སྣང་གནང་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག་དྲན་གྱི་འདུག ད་སྤྱིར་བཏང་ང་རང་ཡིན་ན་ཡང་འདིར་མཚམས་ཀྱི་བཟོ་འདྲ་བྱས་ཏེ་ལྷོད་ལྷོད་བྱས་ནས་བསྡད་ཡོད། ངའི་དམིགས་ཡུལ་གཙོ་བོ་དེ་གང་ཡིན་ཟེར་ན་དྭགས་པོའི་ཐར་རྒྱན་ལ་འགྲེལ་པ་ཞིག་བརྩམ་ཐུབ་པའི་འབད་བརྩོན་ཞུ་བཞིན་ཡོད། སྔོན་མ་ནས་དྭགས་པོའི་ཐར་རྒྱན་ལ་ལོ་གསུམ་ཙམ་གྱི་རིང་ལ་ཉམས་ཞིབ་བྱས་ཤིང་ད་ལྟ་ཉམས་ཞིབ་བྱས་པའི་གྲུབ་འབྲས་མར་ཕྱོགས་བསྒྲིགས་བྱས་ནས་དེ་ལ་བཟོ་བཅོས་རྒྱབ་སྟེ་གང་ལྟར་དྭགས་པོའི་ཐར་རྒྱན་ལ་འགྲེལ་པ་ཞིག་བྱུང་ཐུབ་པ་བྱུང་ཡིན་ན་སྤྱིར་བཀའ་བརྒྱུད་སྤྱི་དང་། དེ་བཞིན་མར་མི་ཡབ་སྲས་ལ་དད་གུས་ཡོད་བསྡད་པ། དེ་ཚོ་ལ་ལེགས་སྐྱེས་བཟང་པོ་ཞིག་ཡོང་ས་རེད་བསམ་སྟེ་ང་རང་གིས་ད་ལྟ་དེ་འདྲ་ཞིག་འབད་བརྩོན་ཞུ་བསྡད་ཀྱི་ཡོད། དེ་དང་ཆབས་ཅིག་ཏུ་གྲུབ་མཐའ་དང་། དེ་བཞིན་གཞུང་འགྲེལ་གཞན་དག་ཡིན་ན་གང་ལ་གང་འཚམས་བརྩམ་ཐུབ་ན་དྲན་གྱི་ཡོད། གང་ཡིན་ཟེར་ན་ནམ་རྒྱུན་ང་རང་བྲེལ་བ་ཚ་བོ་ཡོད་སྟབས་རྩོམ་དགོས་བསམ་པ་ཡིན་ན་ཡང་རྩོམ་རྒྱུའི་དུས་ཚོད་དང་། དེ་བཞིན་ཚོར་སྣང་ཡག་པོ་ཞིག་ཡོང་གི་མི་འདུག བྱས་ཙང་ད་ལྟ་ལྷོད་ལྷོད་ཡིན་པ་ཡིན་དུས་ཏོག་ཙམ་བརྩམ་ཐུབ་ན་བསམ་བསམ་དེ་འདྲ་དྲན་གྱི་འདུག དེ་ཡིན་དུས་ད་ལྟ་ལྷན་རྒྱས་ཚང་མའི་ངོས་ནས་ད་རེས་ཀྱི་དགུན་ཆོས་དེ་ཚགས་ཚུད་པོ་ཡག་པོ་ཞེད་པོ་གནང་ཐུབ་ཡོད་རེད། དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཞིག་དང་། དེ་བཞིན་མ་འོངས་པའི་དགུན་ཆོས་ཡང་མུ་མཐུད་ནས་ཡག་པོ་ཞིག་ཡོང་བའི་རེ་བ་དང་སྨོན་འདུན་ཡོད་ཅེས་ཞུ་རྒྱུ་ཞིག་དང་། ང་རང་ངོས་ནས་ཡིན་ན་ཡང་མུ་མཐུད་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡང་དགོས་སུ་རང་དང་འབྲེལ་ཡོད་ཀྱི་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པ། དེའི་ནང་ནས་ཀྱང་ཀརྨ་ཀཾ་ཚང་གི་བསྟན་པ་འདི་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བ་ལ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་སོ་སོའི་ལུས་ངག་ཡིད་གསུམ་གྱིས་ཞབས་ཏོག་འབུལ་བསམ་པ་ཞིག་དང་། དེ་བཞིན་སེམས་ཤུགས་བསྐྱེད་བསམ་པ་དེ་འདྲ་ཞིག་ཡོད། དེ་ཡིན་དུས་ཚང་མས་ཐུགས་བློ་བདེ་བོ་གནང་རོགས་གྱིས་ཞུ་རྒྱུ་ཡིན། དེ་ནས་རྣམ་པ་ལྷན་རྒྱས་ཚང་མ་ལོ་གསར་ཤར་གྲབས་ཡོད་པ་ཡིན་དུས་ལོ་གསར་པའི་ནང་དུ་སྐུ་གཟུགས་གསལ་ཐང་ཡོང་བ་དང་། བྱ་བ་ལམ་འགྲོ་ཡོང་བ། ལེགས་ཚོགས་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།