སྤྱི་ལོ་ ༢༠༡༨ ཟླ་ ༢ པའི་ཚེས་ ༢༢ ཕྱི་དྲོའི་ཆུ་ཚོད་ ༢.༠༠ པའི་ཐོག་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པ་ལ་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་པོ་རྣམ་པ་དང་བཙུན་པ་བཙུན་མའི་སྡེ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་དང་དེ་བཞིན་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་དུ་མར་འདུས་པའི་ཚོགས་དབུས་སུ་སྤྱན་རྒྱ་སྤོས་སྣེའི་བསུ་མ་དང་བཅས་༸སྐྱབས་རྗེ་ཡོངས་དགེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་བཞུགས་ཁྲིར་གདན་དྲངས། དབུ་མཛད་ཀྱིས་རྡོ་རྗེ་འཆང་ཐུང་མ་ནས་རིམ་བཞིན་གསུང་སྐབས་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་དང་ཨ་འཛིན་རིན་པོ་ཆེ་རྣམ་གཉིས་སོགས་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཟིན་རྗེས།
སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་གིས་༸རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་གནང་པ་བཞིན་ཉིན་གསུམ་རིང་སྒོམ་ཁྲིད་གནང་སྐོར་གསུང་བྱུང་། རིན་པོ་ཆེ་མཆོག་ནས་གསུང་དོན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་བདག་ཅག་གི་མགོན་དཔུང་བླ་ན་མ་མཆིས་པ་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གིས་སྒོམ་རིམ་སྐོར་ནས་བཀའ་ཆོས་བྱ་དགོས་ཞེས་གསུངས་པ་བཞིན། ཉིན་དང་པོ་དང་གཉིས་པ་གཉིས་ལ་སྤྱིར་བཏང་སྒོམ་གྱི་སྐོར་དང་ཉིན་གསུམ་པར་ཕྱག་ཆེན་གྱི་སྐོར་ནས་ཤོད་ཤོག་ཅེས་བཀའ་སྩལ་བྱུང་། དེ་ཡང་གསང་བདག་མི་ཡི་རྣམ་རོལ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་ཕྱག་ཆེན་སྨོན་ལམ་ཚིག་ཉུང་དོན་འདུས་དཔེ་མི་སྲིད་པའི་ཟབ་པོ་དེ་འདྲ་གནང་སོང་། ང་ལ་མཁས་པའི་ཡོན་ཏན་དང་གྲུབ་པའི་ཉམས་མྱོང་གང་ཡང་མེད་སྟབས་ཞུ་ཐུབ་པ་མི་འདུག་སྟེ་༸ཀརྨ་པས་བཀའ་མ་ལྡོག་ཙམ་ཞིག་འདིར་ཞུ་རྒྱུ་ཡིན། ཞེས་དང་།
དངོས་སུ་གསུང་ཆོས་སྐབས་ཁོང་གིས་སྦྱོར་དངོས་མཇུག་གསུམ་དེ་བཀའ་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡིན་ཚུལ་དང་དེ་ལས་སྦྱོར་བ་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ལས་སྐྱབས་འགྲོའི་སྐོར་གསུང་རྒྱུ་ཡིན་སྐོར་གསུང་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སོགས་མདོ་སྔགས་རྒྱུད་སྡེ་མང་པོ་གསུངས་ཡོད་རེད། དེ་དག་གི་སྙིང་པོ་ཚུར་བསྡུས་ན་ཚིག་གསུམ་མམ་དོན་དག་གསུམ་གྱི་ནང་དུ་འདུས་པ་ཡིན། དེ་གང་རེད་ཅེ་ན། སྦྱོར་བ་སྐྱབས་འགྲོ་དང་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ། མཇུག་བསྔོ་བ་དམ་པ་སྟེ་སྦྱོར་དངོས་མཇུག་གསུམ་གྱི་ནང་དུ་ཆ་ཚང་འདུས་ཡོད། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལས་སྐྱབས་འགྲོའི་སྐོར་ཉུང་ཙམ་ཞུ་རྒྱུ་ཡིན། སྐྱབས་འགྲོ་ལ་རྒྱས་པ་བྱས་ན་སྐྱབས་སུ་འགྲོ་བའི་ཡུལ། དུས། གྲོགས་ཞེས་མང་པོ་བཤད་རྒྱུ་ཡོད་རེད་དེ་མདོར་ན་དེ་ལ་བརྟེན་པ་ཞིག་རེད། ཅེས་དང་།
ཡང་ཁ་ཞེ་གཉིས་མེད་ཀྱི་སངས་རྒྱས་ལ་གསོལ་བ་བཏབ་ན་དེའི་མདུན་དུ་རྟག་ཏུ་སངས་རྒྱས་བཞུགས་ཀྱི་ཡོད་སྐོར་གསུང་དོན། སངས་རྒྱས་ལ་མཁྱེན་བརྩེ་ནུས་གསུམ་སོགས་ཡོན་ཏན་དཔག་ཏུ་མེད་པ་ཡོད་རེད། དཔེར་ན་སྨོན་ལམ་འཚོགས་སྐབས་འདིར་སངས་རྒྱས་སྤྱན་འདྲེན་པ་སོགས་བྱེད་ཀྱི་ཡོད་རེད། དེའི་སྐབས་སུ་ང་ཚོས་སངས་རྒྱས་དངོས་སུ་འདིར་བཞུགས་ཡོད་བསམ་པ་སྒོམ་དགོས། གང་ཡིན་ཞེ་ན། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་བཞིན་རེད། ད་ལྟ་ང་ཚོས་གང་བསམས་པ་གང་དྲན་པ་ཆ་ཚང་ཁོང་གིས་མཁྱེན་བཞིན་ཡོད། ཡང་ཁོང་གིས། སངས་རྒྱས་ལ་གསོལ་བ་བཏབ་སྐྱབས་སུ་སོང་ན་སྐྱོབ་པའི་ནུས་པ་ཡོད་སྐོར་གསུང་དོན། སངས་རྒྱས་ལ་མཁྱེན་བརྩེ་ནུས་གསུམ་ཡོད་པ་ཡིན་ཙང་ང་ཚོས་སྐྱབས་འགྲོ་བཏོན་གསོལ་འདེབས་སྨོན་ལམ་བྱས་ཏེ་དད་པའི་ཨ་ལོང་ཡོད་ན་ཐུགས་རྗེའི་ལྕགས་ཀྱུས་འདྲེན་པའི་ནུས་པ་ཡོད་པ་རེད། སངས་རྒྱས་ལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཡོད་ན་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་མི་སྐྱོབས་གང་ཡིན་སྙམ་ན། སངས་རྒྱས་ཀྱིས་ཐབས་མང་པོ་ཞིག་གསུངས་མཐར་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་གསུངས་ཡོད། སྐྱབས་འགྲོ་བཏོན་གསོལ་འདེབས་སྨོན་ལམ་བྱས་དགེ་བའི་ལས་བསག་ན་མི་དགེ་བའི་ལས་འཛད་དེ་མཐར་སྡུག་བསྔལ་ལས་བྲལ་བ་དེ་འདྲ་ཡོང་གི་ཡོད་པ་རེད། སྐྱབས་འགྲོའི་དོན་དག་ངོ་མ་དེ་སངས་རྒྱས་ལ་སྐྱབས། ཆོས་ལ་ལམ། དགེ་འདུན་ལ་གྲོགས་སོགས་འདུ་ཤེས་འཆང་ཚུལ་མང་པོ་ཡོད་རེད་དེ་ད་མང་པོ་མི་བཤད་ཅེས་གསུང་སྟེ་ཕྱི་དྲོའི་ཐུན་སྔ་མ་གྲོལ་སོང་།
ཕྱི་དྲོའི་ཐུན་ཕྱི་མ་སྐབས་ཁོང་གིས་དངོས་གཞི་དམིགས་མེད་ཀྱི་སྐོར་གསུང་རྒྱུ་ཡིན་སྐོར་གསུང་དོན།
ད་དངོས་གཞི་ཞུ་གི་ཡིན། དངོས་གཞི་དམིགས་པ་མེད་པ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་། སྒོམ་གང་ཡིན་ནའང་ཡེངས་པ་མེད་ན་ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན་སྒོམ་རེད་བསྡད་ཡོད། ཅེས་དང་། ཡང་། དང་པོ་སྒོམ་ངོ་སྤྲད་དེ་ནས་སྒོམ་རྒྱག་པ་དང་། ཡང་ན་སྒོམ་རྒྱག །དེ་ནས་སྒོམ་ངོ་སྤྲོད་པ་དེ་གཉིས་གང་ཡག་ས་འདུག །ཅེས་བདམ་ག་གནང་རྗེས། སྒོམ་གྱི་ངོ་བོ་སྔོན་དུ་ངོ་སྤྲད་ན་ཟེར་བ་དེ་མང་བ་འདུག་སྒོམ་གྱི་ངོ་བོའི་ངོ་སྤྲོད་སྔོན་ལ་ཞུ་གི་ཡིན། སྒོམ་ཟེར་ན་དྲན་པ་རེད། དྲན་པ་ནི་ད་ལྟ་རང་གིས་ལས་གང་བྱེད་ཀྱི་ཡོད་པ་ཤེས་མཁན་དེ་ལ་དྲན་པ་ཟེར། ལུས་ལ་ཚ་གྲང་སོགས་ཚོར་བ་གང་མྱོང་བ་དང་དེ་བཞིན་འགྲོ་འཆག་ཉལ་འདུག་སོགས་གང་ཡིན་ན་ཧ་གོ་བར་བྱས་ན་ཚོར་བ་དྲན་པ་ཉེ་བར་བཞག་པ་རེད། ཅེས་དང་།
དྲན་པ་ངོས་ཟིན་ཡོད་མེད་བཀའ་འདྲི་གནང་རྗེས།
དྲན་པ་གང་ཡིན་ཤེས་པ་དང་། དྲན་པ་ཞེས་པ་ཡག་པོ་མགོ་མ་འཚོས་དང་། དྲན་པ་ཞེས་པ་དེ་མགོ་འཚོས་ལ་མ་འཚོས་གང་བྱུང་དྲི་བ་ཞུས་པ་དེ་ལ་ཚང་མས་ལན་ཡག་པོ་གནང་བྱུང་། ཚང་མས་དྲན་པ་ངོས་ཟིན་འདུག །གང་ཡིན་ཞེ་ན་དྲན་པ་ངོས་ཟིན་སོང་སྙམ་ན་ཡིན་དང་ཡིན། དྲན་པ་ཧ་གོ་མ་སོང་སྙམ་ན་དེ་ཡང་དྲན་པ་རེད། ང་རང་གིས་མ་ཤེས་ཧ་མ་གོ་བ་དེ་ཡང་དྲན་པ་རེད། ལན་གསུམ་པ་མགོ་སྦོས་པ་དེ་ཡང་ཁྱེད་རང་གིས་ངོས་ཟིན་པ་རེད། གང་ཡིན་ཞེ་ན་རང་གིས་མགོ་མ་འཚོས་པ་ཤེས་ནས་ཕྱག་བརྐྱངས་པ་རེད། ཅེས་དང་དྲན་པའི་ངོ་བོའི་སྐོར་གསུང་དོན། དྲན་པའི་ངོ་བོ་ཧ་གོ་ན་འདོད་ཆགས་ཞེ་སྡང་སོགས་བཟང་ངན་གང་གིས་ཀྱང་ཁ་བསྒྱུར་དུ་མེད་པ་ངོ་བོ་འགྱུར་བ་མེད་པ་དེ་དྲན་པའི་ངོ་བོ་རེད། ཅེས་དང་། སྒྲ་ལ་སེམས་གཏད་དེ་སྒོམ་རྒྱག་དགོས་པའི་སྐོར་གསུང་དོན། ད་རེས་སྒྲ་ལ་སེམས་གཏད་རྒྱུ་ཡིན། དེ་ལ་རིམ་པ་གཉིས་ཡོད་རེད། དང་པོ་ནི་སྒྲ་ཉན་སྟངས་དང་ཉན་དགོས་ཚུལ་དེ་ཡིན། གཉིས་པ་སྒྲ་ལ་སེམས་གཏད་དེ་སྒོམ་རྒྱག་རྒྱུ་དེ་ཡིན། རྣ་བར་སྒྲ་ཐོས་པ་དང་སེམས་ལ་བཟུང་ནས་བསྡད་ན་སྒྲ་ལ་དམིགས་པའི་སྒོམ་དེ་ག་རང་རེད། སྐར་མ་གཉིས་ལ་ང་ཚོར་སྒོམ་རྒྱག་གི་ཡིན། ལུས་ཚུགས་བསྲང་སྐུ་གཟུགས་ལྷོད་ལྷོད་གནང་སྒྲ་ལ་སེམས་གཏད་དེ་བཞུགས་རོགས། སྒྲ་ལ་སེམས་ཡུན་རིང་པོར་གཏད་ཐུབ་ཀྱི་མ་རེད་དེ་འགྲིག་གི་རེད། ཡང་ནས་ཡང་དུ་སེམས་གཏད་དེ་ཉན་དགོས་རེད། སྒྲ་གང་ཡིན་ནའང་ཁྱད་པར་ཡོད་མ་རེད་སྒྲ་གང་གསན་གྱི་ཡོད་ན་དེ་ཧ་གོ་བར་བྱེད་དེ་སེམས་གཏད་ནས་བཞུགས་རོགས། སྒྲ་གཅིག་ནས་གཅིག་ལ་སྤོ་ནའང་ཆོག་གི་རེད། དཔེར་ན་ངག་སྒྲ་དང་བྱིའུའི་སྒྲ་ལྟ་བུ་ཕར་སྤོ་ཚུར་སྤོ་བྱས་ནའང་སྒྲ་དེ་ངོས་ཟིན་པར་བྱས་ན་འགྲིག་གི་ཡོད་རེད། དེ་ལྟར་སྒོམ་སྐབས་སེམས་ལ་རྣམ་རྟོག་འདྲ་མིན་མང་པོ་ཤར་གྱི་རེད། འདྲ་མིན་གང་ཤར་ནའང་སྒྲ་དེ་སེམས་ནས་མ་བརྗེད་པར་བྱས་ན་འགྲིག་གི་རེད། རྣམ་རྟོག་མ་བཀག་བཀག་ཐུབ་ཐབས་ཡོད་མ་རེད་བཀག་ན་ཡང་ཇེ་མང་དུ་འགྲོ་གི་རེད། དེ་ལས་གང་ལ་སེམས་གཏད་ས་དེ་ངོས་ཟིན་པའི་ཐོག་ནས་གཞན་སེམས་ལ་འཁོར་ནའང་ཁྱད་པར་ཡོད་མ་རེད། ཅེས་དང་།
དེ་རིང་སྒོམ་དམིགས་བསལ་བ་ཞིག་རྒྱག་རྒྱུ་ཡིན། དེ་ནི་མོག་མོག་སྒོམ་རྒྱུ་ཡིན། དེའི་སྐབས་གཞན་གང་དྲན་ནའང་ཆོག་གི་རེད་དེ་མོག་མོག་གཏན་ནས་དྲན་ཆོག་གི་མ་རེད། སྐར་ཆ་གཅིག་ཙམ་རིང་མོག་མོག་སེམས་ལ་ཤར་ན་སྒོམ་འཆུག་འགྲོ་གི་ཡོད། འཆུགས་ཚར་ན་དྲན་པ་མ་རེད། སྐུ་གཟུགས་དྲང་པོར་བསྲང་སྟེ་སྒྲ་ལ་སེམས་གཏད་དེ་བཞུགས་རོགས། གནད་འགག་དེ་རེད་མོག་མོག་དྲན་མི་ཉན་བསམ་དུས་དྲན་གྱི་རེད། སྒོམ་རྒྱག་སྐབས་མི་མང་པོ་ཞིག་གིས་གཞན་སེམས་ལ་ཅི་ཡང་མ་དྲན་པར་སྒོམ་པ་དེ་ཐབས་ལ་མ་མཁས་པའི་སྒོམ་རྒྱག་མ་ཤེས་པ་རེད། དེ་ཡིན་དུས་རྣམ་རྟོག་མེད་པར་སྒོམ་གྱི་ཉམས་བྱུང་ན་དེ་སྒོམ་ཉམས་ཙམ་རེད། ཅེས་དང་།
སྒོམ་གྱི་ངོ་བོའི་སྐོར་གསུང་དོན།
སྒོམ་གྱི་ངོ་བོ་གང་རེད་ཅེ་ན། དྲན་པ་རེད། དྲན་པ་ཞེས་པ་དེ་གང་རེད། ཧ་གོ་བ་དེ་རེད། གཞི་གྲུབ་ན་སྒོམ་གྱི་རྟེན་ཡིན་པས་ཁྱབ་པ་རེད། དྲན་པ་མ་ཡེངས་པར་སེམས་ལ་གང་དྲན་ན་འགྲིག་གི་རེད། དེ་ཡིན་དུས་ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་དང། གང་ཤར་རྟོག་པའི་ངོ་བོ་སོ་མ་ཟེར་བ་རེད། གང་ཤར་ཟེར་དུས་བཟང་ངན་བར་མ་གང་ཤར་ནའང་འགྲིག་གི་རེད། སོ་མ་ཟེར་དུས་མ་བཅོས་པ་བཅོས་མ་མ་ཡིན་པ་ཡིན་དགོས་པ་རེད། རྣམ་རྟོག་བཟང་ངན་བར་མ་གང་ཤར་ནའང་དེ་ག་རང་ཞོག་མ་བཅོས། དེ་གར་འཇོག་ཟེེར་དུས་དེའི་ཐོག་ལ་སེམས་པ་དེ་ཞོག །དེ་ཧ་གོ་བ་གྱིས་ཏེ་བཞག་ཤོག །དེ་འདྲ་བཞག་པ་ཡིན་ན་སྒོམ་རྒྱག་དགོས་ཡོད་མ་རེད་སྒོམ་བློ་དང་བྲལ་བ་གྱིས་རློབས་ཞེས་ང་རང་ཚོ་བཀའ་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ཉམས་ལེན་གྱི་གནད་འགག་དེ་རེད། དེ་ཡིན་དུས་སྒོམ་གྱི་ངོ་བོ་མ་ཡེངས། མི་སྒོམ། བཟོ་མེད་གསུམ་ཡིན་གསུངས་ཡོད། ཉམས་ལེན་གྱི་འབྲས་བུ་གྲོལ་བ་ནང་ནས་ཐོབ་ཀྱི་ཡོད་པ་བདེ་བ་ནང་ནས་འཆར་རྒྱུ་ཡོད་པ། གང་དུ་སོང་ཞིང་གང་དུ་བསྡད་ན་ཡང་སྐྱིད་པོ་བདེ་བོ་དགའ་བོ་ཡོད་པ་ཐར་པ་ཞེས་པ་དེ་ནང་ནས་འཐོབ་རྒྱུ་ཡོད་པ་རེད་དེ་སྒོམ་དང་པོ་རྒྱག་དུས་ཁག་པོ་རེད། སྒོམ་རྒྱག་སྐབས་རྣམ་རྟོག་མང་པོ་འཁོར་གྱི་རེད་དེ་སྒོམ་དང་པོ་རི་གཟར་གྱི་རྦབ་ཆུ་ཇི་བཞིན་ཟེར་བ་དེ་རེད། སོ་སོའི་སེམས་ལ་སྒོམ་དང་པོ་རི་གཟར་རྦབ་ཆུ་ནང་བཞིན་ཡོང་གི་འདུག་བསམ་སྤོབས་པ་སྐྱེ་ཆོག་པ་རེད། དེ་སྒྲ་ཡི་སྐོར་གྱི་སྒོམ་རྒྱག་སྟངས་ཞུས་པ་རེད། ཅེས་དང་།
མིའི་རིགས་མ་འདྲ་བ་ལ་སྒོམ་གྱི་རྟེན་མ་འདྲ་བ་ཡིན་དགོས་སྐོར་གསུང་དོན། མི་ལ་ཁམས་མ་འདྲ་བ་ཡོད་ཙང་དམིགས་རྟེན་འདྲ་མིན་དགོས་པ་ཡོད་རེད། གཅིག་ཞུས་ཚར་བ་རེད། ད་ཡིད་བཟླས་དང་། དབུགས་ལ་སེམས་གཏད་རྒྱུ་གཉིས་དེ་ཡིན། སྐར་མ་གཅིག་གི་རིང་དབུགས་ལ་སེམས་གཏད་དེ་གྲངས་ཀ་བགྲང་ཤོག །ངས་ཏིང་ཏིང་དང་པོ་བརྡུང་སྐབས་དབུགས་ལ་སེམས་གཏད་ཤོག །གཉིས་པ་བརྡུང་སྐབས་སྐར་མ་ཚང་ཚར་བ་རེད་མཚམས་འཇོག་རོགས། དེ་ཚེ་དབུགས་ཀྱི་གྲངས་ཚད་གང་བྱུང་ན་ཁྱད་པར་ཡོད་མ་རེད། དང་པོ་དབུགས་བཞི་ལྔ་ཙམ་དང་དེ་ནས་རིམ་གྱིས་དབུགས་ཉེར་གཅིག་སྒོམ། དབུགས་དང་སྒྲ་གཉིས་ག་རེ་སྒོམ་ནའང་ཁྱད་པར་ཡོད་མ་རེད། སོ་སོ་ཁམས་ཀྱི་ཁྱད་པར་ཙམ་རེད་ག་རེ་སླ་བ་འདུག་ན་དེ་སྒོམས།
སྒོམ་གསུམ་པ་ཡིད་བཟླས་རེད། དེ་ནི་སེམས་ནས་བསྙེན་པ་བསགས་ཏེ་སྒོམ་རྒྱུ་རེད། ད་ལན་སེམས་ནས་འདོན་རྒྱུ་དེ་ཀར་མཁྱེན་འདོན་རྒྱུ་ཡིན། ཀརྨ་པ་མཁྱེན་ནོ་ཞེས་པ་དེ་དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་བདག་ཉིད་མཁྱེན་ནོ་ཞུ་བ་དེ་རེད། ང་རང་ཚོ་བཀའ་བརྒྱུད་པ་ཀརྨ་ཀཾ་ཚང་ལ་མཚོན་ན་ཀརྨ་པ་ནི་དབང་ལུང་མན་ངག་ཞུ་སའི་རྩ་བའི་བླ་མ། གཙུག་གི་ནོར་བུ། སྙིང་ཁོངས་ནས་གསོལ་བ་འདེབས་ས་དེ་རེད། ཁ་དང་མཆུ་མ་འགུལ་བར་སེམས་ནང་ལ་ཀརྨ་པ་མཁྱེན་ནོ་ཞེས་འདོན་རྒྱུ་ཡིན། དེ་ལས་གཞན་གང་ཡང་སྒོམ་དགོས་མ་རེད། སྐུ་གཟུགས་ལྷོད་ལྷོད་གནང་། སྤྱན་འབྱེད་འཛུམ་གང་བྱེད་སོ་སོའི་འདོད་པ་ལྟར་གནང་ནས་བཞུགས་རོགས། སྟབས་བདེ་བོ་བྱུང་ན་ཆོས་ཐུན་གྲོལ་རྗེས་ཐུན་དང་ཐུན་མཚམས་གྱི་ཉམས་ལེན་གནང་རོགས། དེ་རིང་ཆོས་ཁྲིད་དེ་ཙམ་ཡིན། ཞེས་གསུང་སྟེ་ཉིན་དང་པོའི་ཆོས་ཐུན་གྲོལ་སོང་། ཁོང་གིས་སྒོམ་ཁྲིད་སྐབས་སྒོམ་གྱི་དམིགས་རྟེན་གང་བྱེད་འདུས་མང་ལ་གདམ་ག་གནང་བ་དང་། སྒོམ་རྒྱག་སྟངས་དང་སྒོམ་གྱི་ངོ་བོ་གང་སྔོན་ལ་གསུང་རྒྱུ་དང་། ལུས་དང་ཚོར་བ་དྲན་པ་ཉེ་བར་བཞག་པའི་སྐོར་གསུང་སྐབས་ཚོར་བ་གང་འདྲ་བྱུང་མིན་སོགས་བཀའ་འདྲི་གནང་བཞིན་སྒོམ་ངོ་འཕྲོད་ཐབས་སོགས་ཐབས་ལམ་འདྲ་མིན་གྱི་ཐོག་ནས་དོན་ཟབ་པ། ཁ་གསལ་བ་གོ་བདེ་བ་སོགས་ཁྱད་ཆོས་དུ་མ་དང་ལྡན་པའི་བཀའ་ཆོས་ཁྱད་དུ་འཕགས་པ་བཀའ་དྲིན་བསྩལ་གནང་སོང་། །
ཐུབ་བསྟན་སྦྱིན་པ་ནས།