KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་ཉིན་གཉིས་པའི་ཆོས་ཐུན་གཉིས་པ།

 

བར་གསེང་གི་རྗེས་སུ་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཆོས་ཐུན་སྔ་མའི་མཚམས་ནས་མུ་མཐུད་དེ་གསུངས་དོན།  ཕྱག་ཆེན་སྒོམ་པ་ལ་ཞི་གནས་ཀྱི་སྒོ་ནས་སྒོམ་པ་དང་། ལྷག་མཐོང་གི་སྒོ་ནས་སྒོམ་པ་དང་། ཞི་ལྷག་ཟུང་འཇུག་གི་སྒོ་ནས་སྒོམ་པ་བཅས་རིམ་པ་གསུམ་དང་། དེ་རྣམས་ཀྱིས་ནང་ནས་མཆོག་ཏུ་གྱུར་པ་ནི་ཞི་ལྷག་ཟུང་འཇུག་གི་སྒོ་ནས་སྒོམ་པ་དེ་ཉིད་ཡིན་ཞེས་གསུངས།

དང་པོ་ཞི་གནས་ཀྱི་སྒོ་ནས་སྒོམ་ཚུལ་ལ་གཞུང་གི་རྩ་བར། །ཕྲ་རགས་རྟོག་པའི་རྦ་རླབས་རང་སར་ཞི། །གཡོ་མེད་སེམས་ཀྱི་ཆུ་བོ་ངང་གིས་གནས། །བྱིང་རྨུགས་རྙོག་པའི་དྲི་མ་དང་བྲལ་བའི། །ཞི་གནས་རྒྱ་མཚོ་མི་གཡོ་བརྟན་པར་ཤོག །ཅེས་པའི་སྐབས་སུ་ཞི་གནས་སྒོམ་པ་དེ་ནི་རྣམ་རྟོག་རགས་པ་ཞེ་སྡང་དང་འདོད་ཆགས་སོགས་སྣ་ཚོགས་པ་འཆར་བ་དེ་ཉིད་ཞི་སླད་དུ་ཡིན་པ་དང་། དེ་ནས་སེམས་གཞན་དུ་མ་གཡེངས་པར་རྩེ་གཅིག་ཏུ་སྒོམ་ཞིང་གོང་དུ་གསུངས་པ་ཇི་བཞིན་ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་ནས་ཕྲ་རགས་ཀྱི་རྣམ་རྟོག་རྣམས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་བབས་པར་བྱ་ཚུལ་དང་། རྣམ་རྟོག་རྣམས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་བབས་ན་རྣམ་རྟོག་ཇི་ཙམ་མང་བ་དེ་ཙམ་ཞིག་སྒོམ་གྱི་བོགས་འདོན་པ་ལ་གྲོགས་བྱེད་ཚུལ། དེ་བཞིན་ཏིང་འཛིན་ལ་བར་དུ་གཅོད་བྱེད་བྱིང་རྨུགས་རྒོད་གསུམ་དང་། དེ་དག་ལ་ཉམས་ལེན་གྱི་རིམ་པ་དང་མཐུན་པར་གཉེན་པོ་བསྟེན་ཚུལ་སོགས་རྒྱས་པར་གསུངས།

རྩ་བར། །བལྟར་མེད་སེམས་ལ་ཡང་ཡང་བལྟས་པའི་ཚེ། །མཐོང་མེད་དོན་ནི་ཇི་བཞིན་ལྷག་གེར་མཐོང༌། །ཡིན་མིན་དོན་ལ་ཐེ་ཚོམ་ཆོད་པ་ཉིད། །འཁྲུལ་མེད་རང་ངོ་རང་གིས་ཤེས་པར་ཤོག །ཅེས་པའི་སྐབས་ལྷག་མཐོང་གི་སྒོ་ནས་སྒོམ་པ་ནི་སེམས་གནས་པ་གཙོ་བོར་མིན་པར་གནས་ལུགས་མཐོང་བ་གཙོ་བོར་བྱས་པ་ཡིན་པ་དང་།  དེའི་ཚེ་བླ་སློབ་གཉིས་ཀའི་ངོས་ནས་བརྟག་ཅིང་དཔྱད་པའི་སྒོ་ནས་སྒོམ་ཁྲིད་རྒྱབ་པ་དང་ཉམས་ལེན་བྱ་དགོས་པའི་ཚུལ། སྤྱིར་འཁྲུལ་པ་ཡིན་པ་གཅིག་ཀྱང་འཁྲུལ་ཚུལ་ལ་མི་འདྲ་བ་དུ་མ་ཡོད་པའི་དབང་གིས་འཁྲུལ་ཚུལ་དེ་དང་མཐུན་པར་ཁྲིད་རྒྱབ་དགོས་པ་དང་། གལ་ཏེ་ཉམས་ལེན་ཀྱི་ཚད་མཐོན་པོ་ཡོད་པའི་བླ་མས་སློབ་མའི་ཁམས་རྣམས་དབྱེ་བ་ཞིབ་ཕྲ་ཕྱེ་ནས་ཁམས་དེ་དང་མཐུན་པར་ཁྲིད་བཏབ་དགོས་པ་དང་། དེ་ལྟར་ཉམས་ལེན་གྱི་ཚད་མཐོན་པོ་མི་ལྡན་ཡང་སྤྱི་ཁྱབ་ཀྱི་སྒོ་ནས་ཁྲིད་བཏབ་ན་རིམ་བཞིན་ཉམས་ལེན་གྱི་རིམ་པ་གོང་དུ་འཕེལ་བའི་སྐོར་གསུངས། 

མ་ཟད་སྤྱིར་སེམས་ཀྱི་གནས་ལུགས་ནི་སྟོན་པ་སངས་རྒྱས་ཀྱིས་བལྟ་རུ་མེད། མཐོང་དུ་མེད། སྒོམ་དུ་མེད་སོགས་གསུང་བ་ཇི་བཞིན། བལྟ་རུ་མེད་ཀྱང་སེམས་མ་བཅོས་པ་བཞག་ན་མཐོང་དུ་མེད་པའི་དོན་ཞིག་མཐོང་ཚུལ་དང།  དེ་ལྟར་སེམས་ཉིད་གནས་ལུགས་མཐོང་རིམ་གྱིས་ལམ་ལྔའི་རྣམ་གཞག་དང་། བློ་ཐེ་ཚོམ་སོགས་རྣམ་རྟོག་སྤངས་པའི་སྐོར་གསུངས་སོ། 

རྩ་བར། ཡུལ་ལ་བལྟས་པས་ཡུལ་མེད་སེམས་སུ་མཐོང༌། །སེམས་ལ་བལྟས་པས་སེམས་མེད་ངོ་བོས་སྟོང༌། །གཉིས་ལ་བལྟས་པས་གཉིས་འཛིན་རང་སར་གྲོལ། །འོད་གསལ་སེམས་ཀྱི་གནས་ལུགས་རྟོགས་པར་ཤོག །ཅེས་པའི་སྐབས་སུ་ཕྱི་ཡུལ་གཟུགས་སྒྲ་སོགས་པ་རྣམས་སེམས་ཀྱི་རང་སྣང་ཁོ་ན་ཡིན་པ་དང་། དེ་ལྟར་སྣང་བ་ཐམས་ཅད་སེམས་ཡིན་པར་གསུངས་ཚུལ་མི་འདྲ་བ་དུ་མ་ཡོད་མོད།  འོན་ཀྱང་དེའི་ནང་ནས་གཅིག་ལ་དུ་མར་སྣང་བ་དེ་ལས་སླ་ཤོས་གོ་བདེ་ཤོས་ཡིན་ཚུལ། དེ་ལ་བརྟེན་ནས་གཅིག་ལ་དུ་མར་སྣང་ཚུལ་དེ་ཉིད་དཔེ་དང་བཅས་པ་རྒྱས་པར་གསུངས་ཤིང་། 

སྣང་བ་ཐམས་ཅད་སེམས་ཡིན་པ་སྒྲུབ་བྱེད་དུ་ཆོས་གཅིག་ལ་བྱིས་པ། གཞོན་པ། རྒད་པོ་གསུམ་ལ་སྣང་བ་མི་འདྲ་བར་བྱུང་ཚུལ་ཤིན་ཏུ་གོ་བདེ་བ་གསུངས་པ་འདི་ལྟར། "ཁྲིད་ཡིག་གཅིག་གི་ནང་དུ་བྱིས་པ་གཞོན་པ་རྒན་མོ་གསུམ་ལ་སྣང་བ་མི་འདྲ་བ་གསུམ་ཡོད་གསུངས། དེ་ཡང་བྱིས་པའི་སྣང་བ་རྣམས་ལ་ཀ་བ་ལ་སོགས་པ་རྣམས་རྩེད་མོ་དངོས་རིགས་སུ་སྣང་བ་དང་། གཞོན་པ་དེ་ཉིད་ཀྱིས་ཀ་བ་ལ་སོགས་པའི་ཅ་དངོས་ཀྱི་རིགས་རྣམས་ལས་ཀ་ཞིག་གི་སླད་དུ་བེད་སྤྱོད་པ་ཞིག་ཏུ་སྣང་། རྒད་པོ་དེ་ཉིད་ཀྱིས་དེ་ལྟར་དངོས་རྫས་ཀྱི་རིགས་རྣམས་དཀའ་ལས་ཞིག་གི་རྣམ་པར་སྣང་། དངོས་པོ་གཅིག་ལའང་དེ་ལྟར་སྣང་ཚུལ་མི་འདྲ་བ་ཐ་དད་པ་དེ་ལྟར་འབྱུང་" ཞེས་གསུངས་སོ། །

ཞི་ལྷག་ཟུང་དུ་འཇུག་པ་སྒོམ་པའི་རྩ་བར། །ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་ཆེན་པོ་ཡིན། །འདི་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །གཅིག་ཤེས་ཀུན་དོན་རྟོགས་པའི་གདེང་ཐོབ་ཤོག །ཅེས་པའི་སྐབས་ཡིད་ལ་བྱེད་པ་ཞེས་པ་ནི། སྟོང་པ་རེད་སྙམ་པ་དང་། འོད་གསལ་བ་རེད་སྙམ་པ་ལྟ་བུ་ཡིད་བྱེད་ཡིན་ཞིང་། དེ་དག་དང་བྲལ་ན་ཡིད་བྱེད་དང་བྲལ་བ་ཡིན་པ་དང་།  ཡིད་བྱེད་དེ་ཡང་རྣམ་རྟོག་ཐམས་ཅད་འཁྲུལ་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པ་དང་། སྐབས་འདིར་སྤྱིར་ཕྱག་རྒྱ་ཞེས་པ་ནི་དམ་ཕྲུག་གི་དོན་དང་།  དེ་དོན་དུ་དག་མ་དག་པའི་ཆོས་ཐམས་ཅད་གནས་ལུགས་ལས་འདའ་བ་མེད་པས་ཕྱག་རྒྱ་ཞེས་དང་། གནས་ལུགས་ཕྱག་རྒྱ་ཆེན་པོ་ལ་དབུ་མ་ཆེན་པོ་དང་རྫོགས་པ་ཆེན་པོ་ཞེས་མཚན་བཏགས་དགོས་དོན་སྐོར་དང་། དེ་བཞིན་དེ་ཡང་སྤྱིར་དབང་པོ་མཆོག་ཏུ་གྱུར་པ་ལ་ཕྱག་རྒྱ་ཆེན་པོ་ཤེས་ན་ཤེས་བྱའི་ཆོས་མ་ལུས་པ་ཀུན་ཤེས་ནུས་པ་དང་། འོན་ཀྱང་དུས་དིང་སང་གནས་ལུགས་ཕྱག་རྒྱ་ཆེན་པོ་རྟོགས་ནའང་ཆོས་ཐམས་ཅད་མ་ཤེས་པའང་ཡོད་པས། དེ་ནི་སྤྱིར་སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ་དེ་ཉིད་ཤེས་ན་ཆོས་མཐའ་དག་ཤེས་པའི་ནུས་པ་ཡོད་མོད། འོན་ཀྱང་གློ་བུར་གྱི་སྒྲིབ་པ་སྤངས་མི་ཐུབ་པས་ཆོས་མཐའ་དག་མི་ཤེས་པའང་ཡོད་སྐོར་རྒྱས་པར་གསུངས་སོ། །

ཉམས་དང་རྟོགས་པའི་སྨོན་ལམ་ནི། རྩ་བར། །ཞེན་པ་མེད་པའི་བདེ་ཆེན་རྒྱུན་ཆད་མེད། །མཚན་འཛིན་མེད་པའི་འོད་གསལ་སྒྲིབ་གཡོགས་བྲལ། །བློ་ལས་འདས་པའི་མི་རྟོག་ལྷུན་གྱིས་གྲུབ། །རྩོལ་མེད་ཉམས་མྱོང་རྒྱུན་ཆད་མེད་པར་ཤོག །ཅེས་པའི་སྐབས་སྒོམ་རྒྱབ་པའི་ཚེ་ཉམས་ཞེས་པ་ཇི་ལྟར་ཡིན་པ་དང་། ཉམས་ལ་ཞེན་པ་བྱུང་ན་ནང་ཏིང་ངེ་འཛིན་རྣམས་ཉམས་ཞིང་སྐྱོན་ཤོར་བ། གལ་ཏེ་དེ་ལྟར་བྱུང་ཚེ་བླ་མ་ཉམས་མྱོང་ཅན་རྣམས་ལ་བརྟེན་ནས་ཉམས་ལ་ཞེན་པའི་རྣམ་རྟོག་རྣམས་སྤོང་དགོས་ཚུལ། དེ་བཞིན་སྤྱིར་སྟོན་པ་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་གསུམ་པོ་གང་གི་སྐབས་སུའང་ཞེན་ཆགས་དེ་ཉིད་སྤོང་དགོས་པར་གསུངས་ཡོད་ཚུལ། 

 མ་ཟད་ལྷག་པར་དུ་གནས་ལུགས་ཕྱག་རྒྱ་ཆེན་པོ་སོགས་སྒོམ་རྒྱབ་ཚེ་ཉམས་སྐྱེས་པའི་རྒྱུ་མཚན་སྐོར་ཆེས་ཟབ་རྒྱས་གསུངས་པ་འདི་ལྟར།

"འཁོར་བ་ཐོག་མ་མེད་པ་ནས་མ་རིག་པ་འཁྲུལ་པའི་དབང་གིས་སྲིད་པ་མཐའ་མེད་དུ་འཁྱམས་པ་ཡིན། དེས་ན་ད་ལྟ་གནས་ལུགས་ཕྱག་རྒྱ་ཆེན་པོ་སོགས་སྒོམ་པས་རྒྱུ་མ་རིག་པ་དེ་ཉིད་མར་རིམ་བཞིན་ཉམས་པར་གྱུར། དེས་ན་མ་རིག་རྒྱུ་ཅན་གྱི་གཞན་ཉོན་མོངས་པ་རྣམས་འགྲོ་ས་མ་རྙེད་ཚེ་ནང་དུ་འཕོ་འགྱུར་ཆེན་པོ་ཞིག་འགྲོ་བ་ཡིན། དཔེར་ན། རླངས་འཁོར་ཞིག་སྐྱོན་ཤོར་ཚེ་ཡར་མར་འགྲོ་ས་མེད་པར་ལྷག་ཅིང་མཐའ་མར་དཀའ་ཚེགས་ཀྱིས་ལམ་གཞན་ཞིག་ནས་བསྐྱོད་དགོས་པ་ལྟ་བུ་ཡིན། ཕྱག་ཆེན་གནས་ལུགས་སྒོམ་ཡོང་དུས་ལས་ཀྱི་རླུང་རྣམས་འགགས་པ་སོགས་རླུང་ལའང་འཕོ་འགྱུར་ཆེན་པོ་ཞིག་ཏུ་འགྲོ། དེས་ན་གནས་ལུགས་སྒོམ་ཚེ་སྐབས་རེར་རྨི་ལམ་འཁྲུགས་བསྡད་པ་ལྟ་བུ་དུ་མ་འབྱུང་། གལ་ཏེ་དེ་ལྟར་བྱུང་ན་ལས་ཀྱི་རླུང་འགགས་པའི་རྟགས་ཡིན། སྔོན་བཀའ་བརྒྱུད་གོང་མ་རྣམས་ལའང་དེ་ལྟར་བྱུང་བའི་ལོ་རྒྱུས་དུ་མ་ཡོད། དེང་སང་ཡང་འགའ་ཞིག་ལ་དེ་ལྟར་འབྱུང་བཞིན་མཆིས" ཅེས་གསུངས།

དེ་བཞིན་ཉམས་ལ་ཞེན་པ་སོགས་པའི་རྣམ་རྟོག་རྣམས་རྩོལ་བས་སྒོ་ནས་བཀག་པ་མིན་པར་གནས་ལུགས་ཀྱི་ངང་དུ་བབས་དགོས་པ་དང་། དེ་ནས་ཉམས་ཇི་ཙམ་བྱུང་ཡང་དེ་ལ་ཞེན་པ་མེད་པར་མ་ཟད་ནང་ཏིང་ངེ་འཛིན་ལ་བར་ཆད་དུ་མི་འགྱུར་བར་མ་ཟད་ཕན་འདོགས་ཤིིང་གྲོགས་སུ་འགྲོ་བའི་སྐོར། ཡང་ཕྱག་ཆེན་རྒྱུད་ལ་སྐྱེས་ནས་རྒྱུན་ངེས་པར་དུ་བསྐྱང་དགོས་པ་དང་།  རྒྱུན་མ་བསྐྱང་པར་གཞན་དུ་གཡེང་ན་ཉེས་པ་སྒོམ་ཆེན་བདག་པོ་མེད་ཅེས། ཉམས་ལེན་དེ་ཉིད་བདག་པོ་མེད་པར་འདོར་བའི་ཉེས་པ་ཡོད་པ།  གལ་ཏེ་དེ་ལྟར་བྱུང་ན་རྡོར་སེམས་དང་ཐུན་བཞིའི་སྒོ་ནས་བཤགས་པ་བྱ་ཚུལ། དེ་བཞིན་ཉམས་ལ་ཞེན་ཆགས་ཆེ་བའི་ཉེས་པའི་སྐོར་རྒྱས་པར་གསུངས་སོ། །

སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ་དང་པོ་ནས་མཚན་རྫིག་པོ་ཞིག་བཏགས་ན་འཁྲུལ་ཚུལ་སྐོར་གསུངས་པ་འདི་ལྟར། "དང་པོ་མཚན་གནས་ལུགས་ཕྱག་རྒྱ་ཆེན་པོ་སྐྱེས་ཡོང་དུས་དཔེ་མེད་རྫིག་པོ་ཞིག་ཡོད་པའི་སྣང་བ་ཤར་སྲིད། དེ་འདྲ་ཞིག་མེད་པར་སེམས་ཀྱི་གནས་རང་བཞིན་མ་བཅོས་པ་དེ་ཀ་རང་ཡིན། དེའི་གནད་འགག་ལ་བརྟེན་ནས་གནས་ལུགས་མ་བཅོས་པ་དེ་ལ་དང་པོ་ནས་མིང་རྫིག་པོ་ཞིག་བཏགས་ན། མིང་ལ་ཞེན་ནས་འཁྲུལ་པར་གྱུར་པས་དེ་ལྟར་མ་བྱས་པར་མིང་ཡང་ཉམས་ཆུང། མ་བཅོས་ཙམ། གསལ་བ་ཙམ། གཉུག་མ་ཅེས་མིང་བཏགས་པར་མཛད་དོ། དེ་ནས་རིམ་བཞིན་ཉམས་རྟོགས་ཀྱི་ཡོན་ཏན་རྣམས་གོང་ནས་གོང་དུ་སོང་ཚེ་ད་གཟོད་མིང་རྫིག་པོ་ཞིག་བཏགས་པར་གསུངས།" ཞེས་གསུངས་ཤིང་།

༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་ཉིན་གཉིས་པའི་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་གྲུབ་པར་བྱས། མཐར་དབུ་མཛད་ནས་ཕྱག་ཆེན་སྨོན་ལམ་དང་བོད་ཡུལ་བདེ་བའི་སྨོན་ལམ་ཞལ་འདོན་གསུངས་ནས་བཀའ་རྒྱུད་སྨོན་ལམ་གྱི་སྔོན་འགྲོའི་བཀའ་ཆོས་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཁྲིད་གྲུབ་བོ། 

གསར་འགྱུར་གྱི་ཚུལ་དུ་གངས་ལ་ཉི་ཤར་ནས། 

Rinpoche’s second day teaching was very profound and it is impossible to cover all the important points he made. This article only provides a part of what was said. The complete teaching is available on YouTube https://www.youtube.com/watch?v=6azo354pM4Y&t=46s

20180223AM_Aspiration of Mahamudra Teaching3-2