KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
༸རྒྱལ་དབང་ཀརྨ་པས་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པར་སྩལ་བའི་བཀའ་སློབ།

༸རྒྱལ་དབང་ཀརྨ་པས་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པར་སྩལ་བའི་བཀའ་སློབ།

 

དུས་ཚོད། སྤྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༨ ཕྱི་དྲོ། ཆུ་ཚོད་གསུམ་པའི་ཐོག །
ས་གནས། རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆོས་ཪ། 
བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པའི་ཚོགས་མགོན་དུ་ཕེབས་པའི་༸རྒྱལ་བའི་དོན་གྱི་༸རྒྱལ་ཚབ་དྲུང་གོ་ཤྲི་ཆེན་པོ་དང་། ༸སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ། ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ། ༸སྐྱབས་རྗེ་འབོ་དཀར་ཡང་སྲིད་རིན་པོ་ཆེས་དབུས་པའི་བླ་སྤྲུལ་རྣམ་པ་དང་། མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་ཀྱིས་གཙོ་བོར་བྱས་པའི་མཁན་སློབ་རྣམ་པ་དང་། དགེ་འདུན་འདུས་པ་རྒྱ་མཚོ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་མི་མང་རྣམ་པ། དེ་བཞིན་དྲ་ལམ་བརྒྱུད་དེ་གཟིགས་མཁན་དད་ལྡན་པ་ཡོངས་ལ་ངས་ཐོག་མར་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། བཀའ་བརྒྱུད་སྨོན་ལམ་ཐེངས་སུམ་ཅུ་སོ་བདུན་པ་དེ་ཐོག་མཐའ་བར་གསུམ་དུ་དགེ་བའི་ངང་ནས་ལེགས་པར་གྲུབ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་རེས་སྨོན་ལམ་འདིར་ཐོག་མར་སྔོན་འགྲོའི་གསུང་ཆོས་ལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་ནས་གོ་བདེ་ལག་ལེན་ཟུང་འབྲེལ་གྱི་སྒོ་ནས་སྒོམ་ཁྲིད་བཟང་པོ་ཞག་པོ་གསུམ་གནང་བ་དང་། དེའི་རྗེས་སུ་དངོས་གཞིའི་བཀའ་བརྒྱུད་སྨོན་ལམ་གྱི་ཐོག་གསང་བའི་བདག་པོ་༸རྒྱལ་ཚབ་གོ་ཤྲི་ཆེན་པོ་ནས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཁ་རག་སྒོམ་ཆུང་གི་གསུང་། ཨང་ཡིག་བདུན་ཅུ་རྩ་གཉིས་པ་ཞེས། དོན་དུ་ལམ་རིམ་ཚིགས་བཅད་དུ་སྒྲིག་པ་དེ་དེང་སང་འཆད་ཉན་གནང་མཁན་དཀོན་པོ་ཆགས་ཡོད། ད་རེས་ང་ཚོ་ཚང་མས་རིན་པོ་ཆེའི་ཞལ་ནས་གནད་དུ་དབབ་པའི་མན་ངག་དེ་ལྟ་བུའི་བཀའ་ཁྲིད་ཉན་རྒྱུའི་གོ་སྐབས་ཐོབ་པ་དེ་སྐལ་པ་བཟང་པོ་དང་། དགའ་དགུ་ཡི་རང་སྐྱེ་འོས་པ་ཞིག་རེད་བསམ་གྱི་འདུག །དེ་བཞིན་འབོ་དཀར་མཁན་རིན་པོ་ཆེས་དབུས་པས་འབྲེལ་ཡོད་ཀུན་ནས་ཡུན་རིང་པོར་ཐུགས་རེ་གནང་བ་བཞིན། ཁ་སང་༸སྐྱབས་རྗེ་རྡོ་རྗེ་འཆང་འབོ་དཀར་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེས་གནས་ཁྱད་པར་ཅན་འདི་ལྟ་བུ་ལ། བླ་མ་ཁྱད་པར་ཅན་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་༸རྒྱལ་ཚབ་གོ་ཤྲི་ཆེན་པོའི་སྐུ་མདུན་ནས་བར་མ་རབ་བྱུང་ལེགས་པར་ནོད་པར་མཛད་ནས། སྐུ་ལ་ངུར་སྨྲིག་གི་རྒྱལ་མཚན་ཐོག་མར་གསོལ་བར་མཛད་པ་དེ་ད་རེས་སྨོན་ལམ་ཆེན་མོ་འདིའི་མཛད་རིམ་གལ་ཆེན་པོ་ཞིག་དང་། བརྒྱུད་པ་དེའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་ལ་བརྩི་ཡི་ཡོད། བཀའ་བརྒྱུད་སྨོན་ལམ་ཞེས་ད་ལྟ་ཡོངས་སུ་གྲགས་པ་འདི་ཐོག་མར་འགོ་འཛུགས་མཁན་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་བདེ་བར་གཤེགས་པ་དང་། རྒྱུན་སྐྱོང་མཁན་༧སྐྱབས་རྗེ་རྡོ་རྗེ་འཆང་འབོ་དཀར་རིན་པོ་ཆེ་སྐུ་གོང་མ་རེད། དེས་ན་མ་འོངས་པར་ཡང་སྲིད་རིན་པོ་ཆེ་དགུང་ལོ་ཆེ་ཙམ་ཆགས་པའི་སྐབས་ལ། རྗེ་གོང་མའི་ཐུགས་བསྐྱེད་སྨོན་ལམ་བཞིན་བཀའ་བརྒྱུད་སྨོན་ལམ་འདི་མུ་མཐུད་འཛིན་སྐྱོང་སྤེལ་བའི་བྱེད་པོར་འགྱུར་བའི་སྨོན་འདུན་དང་རེ་བ་ཞུ་རྒྱུ་ཡིན། ཕྱི་ལུགས་ལྟར་བརྩིས་ན་ན་ནིང་ང་ཚོ་བྱེས་སུ་ཡོད་པའི་ཀམ་ཚང་བཀའ་བརྒྱུད་ཀྱི་བླ་མ་སྐུ་བགྲེས་པའི་གྲས་ནས། བག་ཡོད་རིན་པོ་ཆེ་དང་། མཁན་པོ་ཀར་ཐར་རྣམ་གཉིས་དགོངས་པ་རྫོགས་པ་རེད། ཁོང་རྣམ་པ་གཉིས་རྒྱལ་མཆོག་ཀརྨ་པ་སྐུ་གོང་མའི་ཞལ་སློབ། བསྟན་པ་ལ་ལྷག་བསམ་དང་ཞབས་འདེགས་ཆེན་པོ་སྒྲུབ་མཁན་ཆགས་ཡོད། བག་ཡོད་རིན་པོ་ཆེ་ལྟ་བུར་མཚོན་ན་ལྔ་བཅུ་ང་དགུའི་ལོར་བོད་ནས་བྲོས་བྱོལ་དུ་ཕེབས་སྐབས་སྐུ་ངལ་མང་པོ་ཁྱད་དུ་བསད་ནས་ནང་རྟེན་མཆོད་རྫས་མང་པོ་བསྣམས་ཕེབས་ཐུབ་ཡོད་རེད། འོན་ཀྱང་དེ་དག་ཐམས་ཅད་༸རྒྱལ་དབང་རིག་པའི་རྡོ་རྗེ་ལ་ཕངས་པ་མེད་པར་ཕུལ་ནས། དུས་ད་ལྟའི་བར་དུའང་རུམ་བཏེག་གདན་སར་ཚེས་བཅུ། དགུ་གཏོར་ལ་སོགས་པའི་དུས་སྒྲུབ་མཆོད་གང་འདྲ་འཚོག་རུང་དེ་དུས་བེད་སྤྱོད་གཏོང་རྒྱུ་དྲག་ཤོས་དེ་ཆགས་ཡོད། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ལ་གཞིས་ཆགས་གསར་འཛུགས་མཛད་ནས། སྡེ་དགོན་གཉིས་ཀ་ལ་ཕ་མ་ལྟ་བུའི་འགོ་འདོན་གཙོ་་སྐྱོང་གནང་ཡོད། དེ་བཞིན་འཇམ་དཔལ་གཤིན་རྗེ་གཤེད་གྲུབ་པའི་ནུས་མཐུ་ཆེན་པོ་ཡོད་པ་ཡོངས་གྲགས་རེད། ད་ལྟ་རིན་པོ་ཆེ་དགོངས་པ་རྫོགས་པ་ཡིན་ནའང་དེ་རིང་གི་ཉི་མ་སང་ཉིན་འཆར་བ་བཞིན་ཡང་སྲིད་ཅིག་གཏན་གཏན་ཕེབས་སྲིད་ཀྱི་རེད། དེའི་ཐོག་ལ་ང་རང་ནས་འགན་བརྒྱ་ཆ་བརྒྱ་ཐམ་པ་འཁུར་རྒྱུ་ཡིན། དེ་འདྲ་ཡིན་དུས་ཚང་མ་ལ་སེམས་ཁྲལ་མ་གནང་ཞུ་རྒྱུ་ཡིན། དེ་བཞིན་མཁན་པོ་ཀར་ཐར་རིན་པོ་ཆེའང་རྒྱལ་མཆོག་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཐུགས་བཞེད་བཞིན་ཨ་རིར་ཐེག་གསུམ་ཆོས་འཁོར་གླིང་དུ་ཕེབས་ནས། ལོ་བཅུ་ཕྲག་མང་པོའི་རིང་ཉིན་གྱི་མི་དང་། མཚན་གྱི་ཁྱི་བྱས་ནས་ཆོས་ཚོགས་རྒྱ་བསྐྱེད་དང་། སྒྲུབ་ཁང་གསར་འཛུགས། ཕྱོགས་གང་སར་ཕེབས་ནས་དམ་པའི་ཆོས་དང་། ལེགས་པའི་ལམ་སྟོན་མཛད་ནས། དེང་སང་སྤྲུལ་སྐུར་མིང་བཏགས་པ་ཕལ་མོ་ཆེ་ལས་ལྷག་པའི་བསྟན་པ་ལ་མཛད་རྗེས་ཆེན་པོ་བཞག་ཡོད། ད་རེས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་བླ་མ་མཆོད་པ་དང་སྟབས་བསྟུན་ནས་ཞི་བར་གཤེགས་པའི་བླ་མ་དམ་པ་གཉིས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པའི་སྨོན་ལམ་དང་། མཆོད་པ་རྒྱ་ཆེན་པོ་ཕུལ་བ་རེད། གཙོ་བོ་ང་རང་ཚོ་ཚང་མས་བླ་མ་མ་བརྗེད་པར་གསོལ་བ་འདེབས། གདམས་ངག་མ་བརྗེད་པ་ལག་ཏུ་ལེན། སེམས་ཅན་མ་བརྗེད་པར་གཞན་ཕན་ཞིག་སྒྲུབ་ཐུབ་པ་ཡིན་ན་བླ་མ་ཡང་དེས་ཐུགས་དགོངས་རྫོགས། རང་ཡང་དེས་འཚང་རྒྱ་ཐུབ་པ། སེམས་ཅན་གྱི་དྲིན་ལན་ཡང་དེས་ལོན་པ་ཞིག་ཡོང་གི་རེད་དྲན་གྱི་འདུག །མདོར་ན་ད་རེས་བཀའ་བརྒྱུད་སྨོན་ལམ་དེ་དོན་དང་ལྡན་པ། བཀྲ་ཤིས་ལོ་ལེགས་ཀྱི་སྒོ་ནས་ལེགས་པར་གྲུབ་པ་རེད། དེ་ཡང་གཙོ་བོ་༸རྒྱལ་བའི་རྒྱལ་ཚབ་ཆེན་པོ་ཚོགས་མགོན་དུ་ཕེབས། དེ་ནས་༸སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་དང་། ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་ལ་སོགས་པའི་བླ་སྤྲུལ་སྐྱེས་ཆེན་རྣམས་དང་། མཁན་སློབ་དགེ་བའི་བཤེས་གཉེེན་རྣམས་ཀྱི་ཐུགས་བསྐྱེད་དང་། དེ་ནས་དགེ་འདུན་སྟོང་ཕྲག་དུ་མ་བློ་རྩེ་གཅིག་དུ་སྒྲིལ། བློ་སྣ་ཆོས་ལ་གཏད་པའི་བྱིན་རླབས། དེ་བཞིན་འཛམ་གླིང་ཕྱོགས་མཐའ་ནས་ཕེབས་པའི་སེར་སྐྱ་མི་མང་ཐམས་ཅད་ཀྱི་སྨོན་འདུན་གཅིག་གྱུར་གྱི་སྒོ་ནས་སྨོན་ལམ་བཏབ་ཡོང་དུས། བཀྲ་མ་ཤིས་བསམ་ཡང་བཀྲ་ཤིས་པ་ཞིག་དང་། དོན་མ་འགྲུབ་བསམ་ཡང་དོན་འགྲུབ་པ་ཞིག་ཡོང་བ་ཆོས་ཉིད་རེད། ལྷག་པར་ད་རེས་ཀྱི་གོ་སྐབས་འདི་བཟུང་ནས་སྨོན་ལམ་གྱི་ལས་བྱེད་པ་དང་། དང་བླངས་པ་ཐམས་ཅད་ལ་ང་རང་གི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོའི་ནང་ནས་མི་མང་པོ་ལོ་བཅུ་ཕྲག་ལྷག་ཙམ་རིང་ལ་སྨོན་ལམ་ལ་ཞབས་འདེགས་སྒྲུབ་ཡོད། དེ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་དང་། བཀའ་དྲིན་དྲིན་ཚོར་ཡོད། སྤྱིར་སྨོན་ལམ་ཟེར་བ་དེ་གྱུར་ཅིག །ཤོག་ཅིག་ཅེས་ཁ་ནས་འདོན་རྒྱུ་གཅིག་པུ་མ་ཡིན་པར། ལག་ལེན་བསྟར་རྒྱུ་ཞིག་དང་། རྒྱུན་སྐྱོང་དགོས་རྒྱུ་ཞིག་རེད། ང་ཚོ་ཐེག་པ་ཆེན་པོ་ལ་སེམས་བསྐྱེད་ཟེར་བའམ། བྱང་ཆུབ་ཀྱི་སེམས་ཟེར་བ་ཞིག་བཤད་རྒྱུ་ཡོད་རེད། དེ་ཡང་གཙོ་བོ་སྨོན་ལམ་རེད། དེ་མེད་པ་ཡིན་ན་བྱང་ཆུབ་སེམས་དཔའ་ཟེར་བ་ཡོད་མ་རེད། སངས་རྒྱས་ཏ་བཤད་མ་དགོས་པ་རེད། དེ་ལྟ་བུའི་སེམས་བསྐྱེད་དང་སྨོན་ལམ་དེ་བྱང་ཆུབ་སྙིང་པོའི་བར་རམ། སངས་མ་རྒྱས་ཀྱི་བར་འགྲོ་ཨེ་ཐུབ་མི་ཐུབ་ཅིག་ལྟ་དགོས། སེམས་བསྐྱེད་ལ་སྨོན་སེམས་དང་འཇུག་སེམས་གཉིས་ཡོད་རེད། ད་ལྟ་བཀའ་བརྒྱུད་སྨོན་ལམ་གྱི་ཆེད་དུ་ལས་ཀ་བྱེད་རྒྱུ་འདི་ཕལ་ཆེར་འཇུག་པ་སེམས་བསྐྱེད་ལྟ་བུ་ཞིག་ཆགས་ཡོད། དེས་ན་ཚང་མས་སེམས་ཤུགས་མ་ཆག་པར་སེམས་ལ་དཔའ་བཙུད། ལུས་ལ་ཤུགས་སྦྱིན་ནས་མུ་མཐུད་འབད་རྩོལ་གནང་རོགས་གནང་ཞུ་རྒྱུ་ཡིན། ད་རེས་སྨོན་ལམ་ཆེན་མོ་འདིའི་རིང་ལ་དགེ་བའི་རྩ་བ་ཅི་བསགས་ཡོད་ནའང་དེ་དག་ཐམས་ཅད། རང་གི་དུས་གསུམ་གྱི་དགེ་བའི་རྩ་བ་དང་གཅིག་ཏུ་བཟླུམས་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ། སེམས་ཅན་ལ་བདེ་སྐྱིད་འབྱུང་བ། ཡང་སྒོས་སུ་ཁ་བ་གངས་ཅན་པ་རྣམས་ཀྱི་དཔྲལ་བའི་མིག་དང་། ཁོང་པའི་སྙིང་གཅིག་པུ་༧གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ། ཆོས་བརྒྱུད་ཆེན་པོ་རྣམས་དང་། གཡུང་དྲུང་བོན་བཅས་པའི་བསྟན་པ་འཛིན་པའི་སྐྱེས་ཆེན་ཐམས་ཅད་ཀྱང་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པ། ཁྱད་པར་དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད། ཞེན་ལོག་དང་མོས་གུས་ཟུང་འབྲེལ་གྱི་སྒོ་ནས། བཤད་སྒྲུབ་ལས་གསུམ་གྱི་བྱ་བ་ཐམས་ཅད་དབྱར་མཚོ་ལྟར་འཕེལ་བ་དང་། འབྲི་སྟག་འབྲུག་གསུམ། འབའ་རོམ། ཡེལ་པ། ཀམ་ཚང་ལ་སོགས་པའི་རྩ་བ་ཡན་ལག་གི་བརྒྱུད་འཛིན་ཐམས་ཅད་ཕན་ཚུན་ཐུགས་མཐུན་པ། དམ་ཚིག་གཙང་བ། གཅིག་གིས་གཅིག་ལ་བསྔགས་པ་བརྗོད་པའི་སྒོ་ནས་བསྟན་འཛིན་གྱི་སྐྱེས་བུ་ཐུགས་མཐུན། བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཞིག་ཡོང་བ་དང་། དེ་བཞིན་འཛམ་གླིང་ས་ཡི་ཁྱོན་ཀུན་ཏུ་ནད་མུག་འཁྲུགས་རྩོད་སོགས་ཀྱི་རྒུད་པ་ཐམས་ཅད་ཞི་བ་དང་། ལྷག་པར་ཨོ་སི་ཁྲུ་ལི་ཡའི་གླིང་དུ་ན་ནིང་ཟླ་བ་དགུ་པ་ཙམ་ནས་ད་ལོ་ཟླ་བ་དང་པོའི་བར་ཟླ་བ་བཞི་ལྷག་རིང་མུ་མཐུད་ནས་མེ་སྐྱོན་ཚབས་ཆེན་བྱུང་ནས། ལྷོ་ཀོ་རི་ཡའི་རྒྱ་ཁྱོན་ཙམ་གྱི་ནགས་ཚལ་མེ་ལ་ཤོར་ནས། སྲོག་ཆགས་དུང་ཕྱུར་བཅུ་ལྷག་གི་ཚེ་སྲོག་ཤོར་ཚུལ་བཤད་བཞིན་ཡོད། དེ་བཞིན་དེང་སྐབས་རྒྱ་ནག་ལ་གློ་རིམས་ཚབས་ཆེན་ཕོག་ནས་མི་དྲུག་བརྒྱ་ལྷག་ཙམ་ཤི་བ་དང་། ནད་པ་ཁྲི་ཕྲག་མང་པོ་ད་དུང་ཉེན་ཁའི་ནང་ཡོད་པ། དེའི་རྐྱེན་གྱིས་འཛམ་གླིང་ཧྲིལ་པོར་མི་ཐམས་ཅད་ལ་འཇིགས་སྣང་དང་དཀའ་ངལ་མང་པོ་ཡོང་བཞིན་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་རི་དྭགས་ལ་འཚེ་བ་བྱས་པ་ལ་བརྟེན་ནས་བྱུང་བ་བཤད་བཞིན་ཡོད་པས། ང་ཚོས་ནུས་ཚོད་ཀྱི་སྒོ་ནས་ཟླ་བ་གཅིག་ལ་དམར་སྤོང་ཐུབ་ནའང་འདྲ། ལོ་གཅིག་ལ་དམར་སྤོང་ནའང་འདྲ། མི་ཚེ་གཅིག་ལ་དམར་སྤོང་ནའང་འདྲ། མདོར་ན་སྒོ་ཕྱུགས་ཀྱི་ཤ་ཟ་དགོས་འཁེལ་ན་མ་གཏོགས། རི་དྭགས་ཀྱི་ཤ་རྩ་བ་ནས་མ་བཟས་ན་ཡག་གི་རེད། དེ་མ་གཏོགས་སེམས་ཅན་གཞན་གྱི་སྲོག་ལ་འཚེ་བ་ཇི་ཙམ་ཆེ་བ་དེ་ཚོད་ཀྱིས་སྔ་ཕྱི་མ་གཏོགས་རང་ལའང་དེ་དང་གཅིག་མཚུངས་དཀའ་ངལ་འཕྲད་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། མདོར་ན་སྤྱི་དང་སྒེར། རང་དང་གཞན་གྱི་དོན་ཐམས་ཅད་དམ་པའི་ཆོས་དང་མཐུན་པར་འབད་མེད་ལྷུན་གྱིས་འགྲུབ་པ་ཡོང་བའི་བསྔོ་བ་དང་སྨོན་ལམ་རྒྱ་གང་ཆེ་གནང་རོགས་གནང་ཞུ་རྒྱུ་ཡིན། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་ང་རང་དང་འབྲེལ་བའི་སྐད་ཆ་ཚིག་ཁ་ཤས་བཤད་ན། ང་ད་ལྟ་མཚམས་ཀྱི་བཟོ་ལྟ་བུ་ཞིག་ལ་བསྡད་ཡོད། གཟུགས་པོའི་བདེ་ཐང་ནི་སྔར་ལས་ཡག་པ་ཡོད། ཤའང་ཏོག་ཙམ་སྐམ་ཡོད། སེམས་པའང་སྐྱིད་ཐག་ཆོད་ཡིན། གཙོ་བོ་ད་རེས་ཞུ་རྒྱུ་དེ་ང་མཚམས་ལ་བསྡད་པའི་རིང་ལ་དོན་དང་བྱ་བ་གཉིས་ཙམ་ཞིག་འགྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དང་པོ་དེ། དྭགས་པོའི་ཐར་རྒྱན་དེ་ཆོས་རྒྱལ་དྭགས་པོ་ལྷ་རྗེའི་གསུང་རྩོམ་གལ་ཆེ་ཤོས་ཤིག་དང་། བཀའ་ཕྱག་ཟུང་འབྲེལ་གྱི་ལམ་རིམ་གཅིག་པུ་དེ་ཆགས་ཀྱི་འདུག །དེ་ལ་འགྲེལ་པ་ཞིག་བྱུང་ན་བསམ་ཡུན་རིང་པོ་བརྩད་གཅོད་ཞུས་པ་ཡིན་ཏེ། འགྲེལ་པ་རྙིང་པ་ཆ་ཚང་བ་ཞིག་རག་རྒྱུ་ཁག་པོ་འདུག །ཟུར་མང་ལེགས་བཤད་སྒྲ་དབྱངས་ཀྱི་ཁྲིད་ཡིག་གཅིག་འདུག་དེ་དངོས་སུ་གཞུང་དོན་དང་། གཞུང་ཚིག་ལ་འགྲེལ་པ་གང་ཡང་མཛད་མེད་པ་འདྲ། དཔེ་ཆའང་ཆ་ཚང་བ་མི་འདུག །ཉེ་ཆར་དཔའ་བོ་གཙུག་ལག་ཕྲེང་བའི་ཐར་རྒྱན་དང་འབྲེལ་བའི་རྣམ་བཤད་ཅིག་ཐོོབ་སོང་། དེའང་གཙོ་བོ་ཐར་རྒྱན་ནང་གི་གཏམ་རྒྱུད་དང་འབྲེལ་བ་གཙོ་བོ་རེད་འདུག །དེ་བཞིན་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་ཀྱི་གབ་པ་མངོན་ཕྱུང་དང་། འཛི་སྒར་མཁན་པོ་ཕྲིན་ལས་རྡོ་རྗེའི་དོགས་གཅོད་དང་། དེ་བཞིན་འབྲི་གུང་མཁན་པོ་ཞིག་གིས་མཛད་པའི་མཆན་འགྲེལ་ཞིག་ཀྱང་ཡོད་ས་རེད། མདོར་ན་གཞུང་དོན་ཆ་ཚང་བའི་འགྲེལ་པ་ཞིག་མེད་པར་སྣང། དེ་འདྲ་ཡིན་དུས་འདས་པའི་ལོ་ཁ་ཤས་ནང་བཀའ་བརྒྱུད་དགུན་ཆོས་སུ་དཔེ་བསྡུར། ལུང་ཁུངས། དོགས་གཅོད་གསུམ་གྱི་སྒོ་ནས་ཐར་རྒྱན་གྱི་བགྲོ་གླེང་ཆེན་མོ་ཚོགས་ནས། དྭགས་པོ་བཀའ་བརྒྱུད་ཀྱི་ཕ་ཆོས་ཟབ་མོ་འདི་ལ་ལུང་རིགས་གཉིས་ཀྱི་སྒོ་ནས་དཔྱད་པ་ཞིབ་མོ་བྱས་ཡོད་རེད། ངའི་ལས་འགན་དེ་བགྲོ་གླེང་བ་ཚོས་ཞིབ་འཇུག་གི་གྲུབ་འབྲས་ལ་སླར་ཡང་དཔྱད་ཞིབ་དང་། ཕྱོགས་སྒྲིག་བྱས་ནས་ཐར་རྒྱན་གྱི་ཚིག་དོན་གཉིས་ཀའི་འགྲེལ་ཆེན་ཞིག་རྩོམ་འབྲི་བྱ་རྒྱུ་དེ་རེད། སྤྱིར་བཏང་ང་ལ་དེ་རྩོམ་པའི་སྤོབས་པ་དང་། ཤེས་ཡོན་གང་ཡང་ཡོད་མ་རེད་དེ་འགྲོ་རེས་པུས་མོ་ལ་ཐུག་པའི་དཔེ་ལྟར། ངས་གཅིག་མ་བྱས་ན་བྱེད་མཁན་ཡོང་རྒྱུ་ཁག་པོ་ཡིན་དུས། ད་རེས་ང་རང་མཚམས་ལ་བསྡད་པའི་རིང་ཐར་རྒྱན་གྱི་འགྲེལ་པ་དེ་ཆ་ཚང་མ་ཚར་ཀྱང་། ཕྱེད་ཀ་ཚར་ཐུབ་པའི་རེ་བ་ཞུ་ཡི་ཡོད། གཉིས་པ་ནི། ང་རང་ཕྱི་ལོགས་ལ་ཡོད་པའི་རིང་། ༧རྒྱལ་བ་མཐའ་ཡས་རྡོ་རྗེ་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ཏོག་ཙམ་བདེ་པོ་འདུག། ཁོང་ལ་ད་བར་མཇལ་འཕྲད་ཐེངས་གཉིས་ཞུས་པ་ཡིན། མཇལ་འཕྲད་དང་པོ་དེ་ཕན་ཚུན་རྒྱུས་ལོོན་བྱེད་རྒྱུ་དང་། ཡིད་ཆེས་འཕེལ་ཐབས་གཙོ་བོ་རེད། མཇལ་འཕྲད་གཉིས་པ་དེ་༸ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་སྐོར་རེད། སྐབས་དེ་དུས་ངེད་གཉིས་མཉམ་འབྲེལ་གྱི་ཐོག་ནས་ཞབས་བརྟན་གསོལ་འདེབས་ཤིག་བྲིས་ཡོད། དེ་འབྲི་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་ཡོད། གཅིག་དེ།  ཞྭ་དམར་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་ལྔ་ཙམ་འཁོར་ཟིན་པ་རེད། དེས་ན་ཡང་སྲིད་ཕེབས་ན་ཕེབས་ཚར་ཚོད་ཡིན་དུས་། རྟགས་རྟེན་འབྲེལ་ལ་བསམ་ནས་མུ་མཐུད་མྱུར་བྱོན་གསོལ་འདེབས་འདོན་པ་ལས་ཞབས་བརྟན་འདོན་ན་ཡག་པོ་འདུག་བསམ་ནས་ཞབས་བརྟན་བརྩམས་པ་རེད། གཉིས། མ་འོངས་པར་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་དེ་ནོར་བ་འཁྲུལ་པ་མེད་པ། ངའི་ཕྱོགས་དང་ཁོའི་ཕྱོགས་ཟེར་བ་མེད་པ། གཅིག་གྱུར་གྱིས་ངོས་འཛིན་ཐུབ་པ་ཞིག་དགོས་རྒྱུ་དེ་བསྟན་པ་སྤྱི་དང་བྱེ་བྲག་ཚང་མ་ལ་ཁ་ཚ་དགོས་གཏུགས་ཆགས་ཀྱི་འདུག་བསམ་ནས། ༸རྒྱལ་བ་མཐའ་ཡས་རྡོ་རྗེ་ངེད་གཉིས་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ངོས་འཛིན་དང་བརྩད་གཅོད་ཞུ་རྒྱུ་ཡིན་ཞེས་པའི་དམ་བཅའ་དང་། ཆོད་སེམས་མཚོན་བྱེད་ཡིན། སྤྱིར་བཏང་ངས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་སྐོར་ལ་དོ་སྣང་བྱེད་དགོས་པ་འདི་གཙོ་བོ་༸རྒྱལ་དབང་རིག་པའི་རྡོ་རྗེའི་མཛད་པ་རྣམ་ཐར་གྱི་རྗེས་སུ་འབྲང་བའི་ཚུལ་ཡིན། དེ་གང་ཡིན་ཞུས་ན། དུས་རབས་བཅོ་བརྒྱད་པའི་ནང་ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་དགོངས་པ་རྫོགས་ནས། སྐབས་དེ་དུས་ཁོང་གིས་གོར་ཁའི་དམག་བོད་ལ་ཁྲིད་ཡོང་བའི་ཉེས་འཛུགས་བྱས་ནས། སྡེ་པ་གཞུང་གིས་ཞྭ་དམར་གྱི་ཡང་སྲིད་ཁྲི་འདོན་བྱེད་མི་ཆོག་པ་བཟོས་པ་རེད། དེ་ནས་བཟུང་ལོ་བརྒྱ་དང་བདུན་ཅུ་ལྷག་ཙམ་རིང་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ཡོངས་གྲགས་ངོས་འཛིན་ཞུ་ཐུབ་ཡོད་མ་རེད། དེ་ནས་རྒྱལ་དབང་བཅུ་དྲུག་པ་ ༥༩ ལོར་རྒྱ་གར་དུ་བྲོས་བྱོལ་ཕེབས་པའི་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོར་ངོས་འཛིན་ཞུ་ཆོག་པའི་སྙན་གསེང་བསྒྲོན་ནས་ངོས་འཛིན་དང་། ཁྲི་འདོན་ཞུས་པ་རེད། དེ་འདྲ་ཡིན་དུས་ད་ལྟ་ཞལ་བཞུགས་པ་དང་། ཞལ་མ་བཞུགས་པའི་ཀཾ་ཚང་བཀའ་བརྒྱུད་ཀྱི་བསྟན་འཛིན་གྱི་སྐྱེས་ཆེན་ཐམས་ཅད་༸རྒྱལ་དབང་རིག་པའི་རྡོ་རྗེས་ངོས་འཛིན་མ་མཛད་པ་ཕལ་ཆེར་མེད། དེ་དག་ཐམས་ཅད་ལ་ང་ཚོས་དོགས་པ་དང་ཐེ་ཚོམ་ཅི་ཡང་ཡོད་མ་རེད། ཞྭ་དམར་རིན་པོ་ཆེ་ཡང་དེ་དང་གཅིག་མཚུངས་རེད། དེ་ཙམ་དུ་མ་ཟད། ༸རྒྱལ་དབང་རིག་པའི་རྡོ་རྗེས་འབད་རྩོལ་ཆེན་པོའི་སྒོ་ནས་ངོས་འཛིན་གནང་བ་དེ་ལ་དགོས་པ་དང་དོན་སྙིང་ཆེན་པོ་ཡོད་རེད་དྲན་གྱི་འདུག །དེའི་རྒྱུ་མཚན་ལ་བརྟེན་ནས། ང་ལྟ་བུའི་གང་ཟག་ཐ་མལ་པ་ཞིག་ཡིན་ནའང་། ༸རྒྱལ་དབང་རིག་པའི་རྡོ་རྗེས་ཕྱག་ལས་དང་འབད་རྩོལ་ཆེན་པོ་དེ་ཙམ་མཛད་ཡོང་དུས་ང་རང་ཡིན་ནའང་དེ་གལ་ཆེན་པོ་ཡིན་ས་རེད་བསམ་པའི་བསམ་བློ་གཏོང་དགོས་པ་ཆགས་ཀྱི་འདུག །དེ་བཞིན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྔགས་གསར་རྙིང་གི་གདན་རབས་ནང་ཞྭ་དམར་བཅུ་པའི་ཁ་ཐུག་ལ་འདི་འདྲ་ཞིག་གསུངས་ཡོད། འོན་ཀྱང་རྒྱལ་བའི་ཕྲིན་ལས་རྟག་ཅིང་ཁྱབ་པ་དང་། ལྷུན་གྱིས་གྲུབ་པར་འཇུག་པ་ནི་སུ་ཞིག་གིས་འགོག་པར་ནུས། ཁོང་གིས་གསུངས་པ་ལྟར་ཞྭ་དམར་བཅུ་པའི་མཛད་ཕྲིན་ལ་བར་ཆད་བྱུང་ནས། ཡང་སྲིད་ངོས་འཛིན་ཞུ་མ་ཆོག་པ་བཟོས། གདན་ས་ཡངས་པ་ཅན་ཡང་དགེ་བསྒྱུར་བྱས་ནས་སྐུ་ངལ་མང་པོ་འཕྲད་པ་རེད་དེ། མཐའ་མ་དེར་བར་ཆད་གྱིས་ཟློག་མ་ནུས་པར། ཞྭ་དམར་ཡང་སྲིད་ཀྱང་ངོས་འཛིན་ཞུས། གདན་ས་ཡངས་པ་ཅན་ལའང་བཀའ་བརྒྱུད་ཀྱི་བསྟན་པ་བསྐྱར་གསོ་བྱུང་བ་རེད། དེ་བཞིན་ཞི་བར་གཤེགས་པ་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་ཀྱི་མཛད་པ་ཕྲིན་ལས་ལ་ཕྱི་ནང་གི་བར་ཆད་བྱུང་བ་རེད་དེ། དེ་ཁོང་གཅིག་པུའི་བར་ཆད་གཅིག་མ་རེད། ང་ཚོ་ཀཾ་ཚང་བཀའ་བརྒྱུད་ཡོངས་ཀྱི་བར་ཆད་ཅིག་རེད། བར་ཆད་བྱུང་ན་སེལ་ཐབས་བྱེད་དགོས་པ་ལས། དབྱུག་བཞག་ན་བར་ཆད་ལམ་དུ་སོང་བ་ཡིན་དུས། དབྱུག་བཞག་ན་འགྲིག་པ་ཞིག་མ་རེད།ངས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ཀྱི་སྐོར་འདི་ཀཾ་ཚང་མཐུན་སྒྲིལ་ཡོང་རྒྱུའི་གནད་འགག་ཅིག་ལ་མཐོང་ནས་འབད་རྩོལ་བྱེད་བཞིན་ཡོད། གལ་སྲིད་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་དེ་རྩོད་པ་ཅན་ཞིག་ཆགས་སོང་ན། མ་འོངས་པར་ཀཾ་ཚང་རྒྱལ་བ་ཡབ་སྲས་ཐམས་ཅད་རྩོད་པ་ཅན་ཞིག་ཆགས་རྒྱུ་ཡིན་པ་དང་། ཀཾ་ཚང་རྦད་དེ་ཁ་འཐོར་དུ་ཕྱིན་ནས། མི་ཚེ་མི་རབས་ལ་དགྲ་གྱོད་ཐུག་པ་ལྟ་བུའི་ཆགས་སྡང་གི་དབང་དུ་སོང་ན་ལོ་ངོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་གཟི་བརྗིད་དང་། ནུས་པ་ཐམས་ཅད་ཉམས་ནས། ཚང་མས་བརྙས་བཅོས་དང་། ཁྲེལ་དགོད་བྱེད་ས་ཞིག་ཏུ་གྱུར་ནས། མཐའ་མ་ཀམ་ཚང་བཀའ་བརྒྱུད་ཟེར་བ་མཛུབ་མོ་འཛུགས་ས་མེད་མཁན་ཆགས་རྒྱུའི་ཉེན་ཁ་འདུག་བསམ་གྱི་ཡོད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་ད་ལྟ་བློ་རྒྱ་ཆེ་ཙམ་བྱས། ཕུགས་རྒྱང་རིང་ཙམ་གྱི་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་འདུག་བསམ་གྱི་ཡོད།  །མདོར་ན་ང་མི་ཆུང་ཆུང་གིས་བསམ་བློ་ཆེན་པོ་བཏང་བའི་སྐད་ཆ་རེད། བསམ་པ་ནང་བཞིན་ལམ་འགྲོ་རྒྱུག་མ་རྒྱུག་ད་ལྟ་བཤད་རྒྱུ་སྔ་དྲག་པ་རེད། ཚང་མས་རྒྱབ་སྐྱོར་དང་། ཐུགས་སྨོན་གནང་རྒྱུ་དེ་གལ་ཆེན་པོ་རེད། ངས་མང་པོ་ཞུ་མ་དགོས་པར། ཐ་མ་དེར་ཚང་མ་ལོ་གསར་པའི་ནང་སྐུ་གཟུགས་གསལ་ཐང་ཡོང་བ་དང་། ཆོས་མཐུན་གྱི་བྱ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། མགྱོགས་མྱུར་ང་ཚོ་ཚང་མ་ཕན་ཚུན་ཞལ་མཇལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། བསྟན་རྣམ་པས།