ཕྱི་ལོ་༢༠༡༧ ཟླ་༢ ཚེས་༡༡ ཉིན་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་སྩལ་ཕེབས་དོན་དུ།
དེ་རིང་སྐབས་སུ་བབ་པར། ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཁྲིད་བྱ་རྒྱུའི་དུས་ལ་བབ་པ་ཡིན། ཁ་རྩང་འཁོར་ལོ་བདེ་མཆོག་གི་དབང་མ་ཐོབ་པ་ཡོད་ཚེ་དེ་རིང་འདིར་ཐུན་བཞི་བླ་མའི་རྣལ་འབྱོར་འདིར་སྐབས་ཕེབས་ཡོད་ན་ཁྲིད་ཉན་པས་འཐུས་ཀྱང་ཕན་ནུས་དེ་ཙམ་མེད། བོད་ཡིག་ཐོག་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་རྩ་ཚིག་ཅིག་དཔེ་གཟུགས་སུ་བཏོན་ཡོད་པས་བོད་ཡིག་ཀློག་ཤེས་པ་རྣམས་ཀྱིས་འདོན་ན་ལེགས། དེ་ལ་ཡང་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ཀྱི་ཚིག་ཕལ་ཆེ་བ་གཙོ་བོ་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་ཀྱང་། དེའི་ནང་ཚིག་འགའ་ཞིག་ཁོང་གི་སློབ་མས་གསུངས་པའང་ཡོད། དེ་ལ་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཁྲིད་མ་བཤད་གོང་དུ་དེ་དང་འབྲེལ་ཡོད་ཀརྨ་པའི་མཚན་ཇི་ལྟར་ཐོགས་ཚུལ། ཞྭ་ནག་གི་ཅོད་པན་ཇི་ལྟར་བྱུང་བ། ཀརྨ་པ་མཁྱེན་ནོ་ཞེས་པའི་མཚན་སྔགས་ཇི་ལྟར་འདོན་སྲོལ་གྱི་རིམ་པ་རྣམས་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། དེ་ལ་ཡང་མཉམ་མེད་དྭགས་པོ་ལྷ་རྗེར་བརྒྱུད་འཛིན་གྱི་བུ་ཆེན་བཞི་བྱུང་། དེ་དག་ལས་བརྒྱུད་པའི་བཀའ་བརྒྱུད་ལ་བཀའ་བརྒྱུད་ཆེ་བཞི་དང་། སྤྱིར་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་པའི་ཐ་སྙད་དེ་བཞིན་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་སྐུ་དུས་སུ་བྱུང་ཚུལ་དེང་གི་དུས་གླེང་མོད། འཇམ་མགོན་ཀོང་སྤྲུལ་ནི་དུས་རབས་བཅུ་དགུ་པའི་ནང་ཕེབས་མོད། དེ་ནས་འབྲུག་པ་བཀའ་བརྒྱུད་ཀྱི་ཁམས་སྤྲུལ་སྐུ་ཕྲེང་བཞི་པ་ཆོས་ཀྱི་ཉི་མའི་རང་རྣམ་ནང་། བཀའ་བརྒྱུད་ཆེ་བཞི་ཞེས་འབའ་རམ་བཀའ་བརྒྱུད། ཀཾ་ཚང་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད། ཕག་གྲུ་བཀའ་བརྒྱུད་ཅེས་གསུངས། དེ་ཡང་འཇམ་མགོན་ཀོང་སྤྲུལ་གྱི་སྔོན་དུ་བྱུང་བའི་སྐྱེས་ཆེན་ཞིག་ཡིན། སྤྱིར་ཆེ་བཞི་ཆུང་བརྒྱད་ཅེས་པའི་གོ་བ་ལེན་ཚུལ་ལ་རྣམ་གྲངས་གཉིས་སུ་ཡོད། གཅིག་ནི་བཀའ་བརྒྱུད་སྤྱི་ལ་གོ་ཚུལ་ཞིག་དང་། ཀཾ་ཚང་བཀའ་བརྒྱུད་ལ་གོ་ཚུལ་གཉིས་སུ་ཡོད་པ་ལས། སྤྱི་ལ་གོ་ཚུལ་ནི་གོང་དུ་བརྗོད་པ་ལྟར་ཡིན། ཀཾ་ཚང་ལ་གོ་ཚུལ་ནི། ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་ཀྱིས་མཛད་པའི་རྡོ་རྗེ་འཆང་ཐུང་མའི་ཁྲིད་ཀྱི་ནང་དུས་གསུམ་མཁྱེན་པའི་ཞལ་སློབ་ཆེ་བཞི་ཆུང་བརྒྱད་ལ་གོ་དགོས་པར་གསུང་སྲོལ་ཡོད། མདོར་ན་ཆེ་བཞི་ཆུང་བརྒྱད་ཅེས་པ་བཀའ་བརྒྱུད་ཀྱི་བརྒྱུད་པའམ་གདམས་ངག་ལ་ཆེ་ཆུང་ཡོད་པའི་གོ་དོན་མ་ཡིན་པར་སློབ་མ་རྒན་གཞོན་གྱི་ཆ་ནས་ཆེ་བཞི་ཆུང་བརྒྱད་ཀྱི་ཐ་སྙད་བྱུང་། དེ་ཡང་བོད་ཀྱི་སྲོལ་རྒྱུན་དུ་རྒན་གཞོན་ལ་ཆེ་ཆུང་བརྩི་སྲོལ་ཡོད་པ་ལྟར་བོད་ཡོངས་རྫོགས་ལ་གྲགས་རྒྱུན་ཆེ་བའི་གླིང་རྗེ་གེ་སར་གྱི་སྒྲུང་ནང་ཆེ་བ་ལ་ཆེ་རྒྱུད། འབྲིང་བ་ལ་འབྲིང་རྒྱུད། ཆུང་བ་ལ་ཆུང་རྒྱུད་ཅེས་ཁག་གསུམ་དུ་ཡོད་པ་ལྟར། དྭགས་པོ་ལྷ་རྗེ་ཁུ་དབོན་ལས་དངོས་སུ་བརྒྱུད་པ་ལ་ཆེ་བཞི་དང་། དེའི་སློབ་རྒྱུད་ལས་བརྒྱུད་པ་ལ་ཆུང་བརྒྱད་དུ་བརྗོད་པ་ཡིན། དེ་ལས་འཕྲོས་ཏེ་ཞུ་ན། ཆེ་བཞིའི་ནང་ཚན་ཀཾ་ཚང་བཀའ་བརྒྱུད་ནི། དྭགས་པོ་རིན་པོ་ཆེའི་དངོས་སློབ་ཀརྨ་པ་དུས་གསུམ་མཁྱེན་ལས་བརྒྱུད་པ་དེར་ཀཾ་ཚང་བཀའ་བརྒྱུད་ཅེས་པའི་མཚན་བྱུང་། ཀརྨ་བཀའ་བརྒྱུད་ཀྱི་མཚན་གྱི་རྣམ་གྲངས་ལ་ཀཾ་ཚང་བཀའ་བརྒྱུད་དང་ཀརྨ་བཀའ་བརྒྱུད་སོགས་དུ་མ་ཡོད། དེ་ཡང་ཐ་སྙད་ལ་དཔྱད་ཚེ་ཀཾ་ཚང་བཀའ་བརྒྱུད་སྔོན་དུ་བྱུང་བ་ལྟར་མཆིས་ཀྱང་ངེས་པ་མེད། ཀཾ་ཚང་ཞེས་པའི་མཚན་དོན་ནི། ཀཾ་པོ་གནས་ནང་གི་གདན་ས་ལ་གོང་འོག་བར་གསུམ་དུ་ཡོད་པ་ལས་གདན་ས་འོག་མ་སྐུ་ཡི་གནས་ཡིན། དེ་ནི་གཙོ་བོ་དུས་གསུམ་མཁྱེན་པའི་སྒྲུབ་པ་མཛད་ཡུལ་དང་། ཕྱག་ཆེན་གྱི་རྟོགས་པ་མངོན་དུ་གྱུར་ཡུལ་གྱི་གནས་ཀྱང་ཡིན་པས་ཀཾ་དང་། ཚང་ཞེས་པ་ནི། འདབ་ཆགས་ཀྱིས་ཚང་བཅས་པ་ལྟར་དེར་རྟག་ཏུ་གནས་ཏེ་བསམ་གཏན་ལ་མཉམ་པར་གཞག་པས་ན་ཚང་ཞེས་བརྗོད་པ་ཡིན།
གཉིས་པ་ཀརྨ་པའི་མཚན་ཇི་ལྟར་བྱུང་ཚུལ་ནི། ཀརྨ་པའི་མཚན་དེ་དུས་ནམ་གྱི་ཚེ་ཐོགས་པ་ཡིན་ཞུས་ཚེ། བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་འགའ་ཞིག་ནང་དུས་གསུམ་མཁྱེན་པས་ཀརྨ་ལྷ་སྟེང་གི་དགོན་པ་ཕྱག་བཏབ་པ་ནས་མཚན་ཐོགས་ཚུལ་ཡོད་ཀྱང་ཇི་བཞིན་མ་ངེས་ཏེ། དགོན་པ་དེ་ཉིད་རྗེ་རང་བྱུང་རྡོ་རྗེས་ཕྱག་བཏབ་པ་ལས་དུས་གསུམ་མཁྱེན་པས་ཕྱག་བཏབ་པ་ཞིག་མིན། དེ་ལྟར་ཡིན་པ་ཡང་རང་བྱུང་རྡོ་རྗེའི་རང་རྣམ་ནང་གསལ། དབའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་། ཀརྨ་པ་དུ་གསུམ་མཁྱེན་པ་དགུང་གྲངས་བཅུ་དྲུག་དུས་རབ་ཏུ་བྱུང་ཞིང་། སྐབས་དེར་ཁོང་གི་དག་སྣང་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་བདག་ཉིིད་དུ་མངའ་གསོལ་ཏེ་མཚན་དེ་ལྟར་ཐོགས་ཚུལ་གསལ། སྤྱིར་བོད་ཀྱི་བླ་མ་རྣམས་ལ་མཚན་དུ་མ་ཞིག་ཐོགས་ཚུལ་ཡོད། དེ་ཡང་རབ་ཏུ་མ་བྱུང་བའི་སྔོན་དང་། རབ་ཏུ་བྱུང་ཟིན་པའི་རྗེས་སུ་ཐོགས་པ་དང་། དེ་བཞིན་མང་ཚོགས་ཀྱིས་མཚན་ཕུལ་བ་དང་། དཀྱིལ་འཁོར་དུ་ཞུགས་ཏེ་ཐོགས་པའི་གསང་མཚན་སོགས་མཚན་གྱི་རྣམ་གྲངས་དུ་མ་ཡོད། དེས་ན་ཀརྨ་པ་ཞེས་པ་ནི་དུས་གསུམ་མཁྱེན་པའི་གསང་མཚན་ལས་མཚན་དངོས་མ་ཡིན། ཀརྨ་པཀྵིའི་སྐབས་ཀརྨ་པ་ཞེས་པའི་མཚན་ཡོངས་གྲགས་སུ་གྱུར། དེ་ལྟར་ཡིན་པ་ཡང་པཀྵིའི་གསུང་རྩོམ་དུ་མའི་ནང་མིང་ཡོངས་སུ་གྲགས་པའི་ཀརྨ་པ་ཞེས་ཡང་ཡང་གསལ། ཀརྨ་པཀྵིའི་གསང་མཚན་ལ་རང་བྱུང་རྡོ་རྗེ་ཞེས་པ་དེ་གསུམ་པའི་མཚན་དངོས་སུ་གྱུར། དེ་བཞིན་གསུམ་པའི་གསང་མཚན་ལ་རོལ་པའི་རྡོ་རྗེ་ཞེས་ཡོད་པ་བཞིན་བཞི་པའི་མཚན་དུ་དངོས་སུ་ཐོགས། དེ་ཇི་ལྟར་ཡིན་ཞུ་ན། རང་བྱུང་རྡོ་རྗེས་མཛད་པའི་དཀྱིལ་འཁོར་སྣང་བའི་མཛད་བྱང་དུ། རང་བྱུང་རོལ་པའི་རྡོ་རྗེ་ཡིས་ཞེས་གསང་མཚན་དུ་བཀོད་འདུག
རྒྱལ་བ་མི་བསྐྱོད་རྡོ་རྗེས་མཛད་པའི་རྣལ་འབྱོར་རྒྱུད་ཀྱི་འགྲེལ་ཆེན་ཞིག་ཡོད། དེའི་ནང་དྭགས་པོ་བཀའ་བརྒྱུད་ཀྱི་མདོ་སྔགས་ཐམས་ཅད་ལ་མཁས་པ་བུ་རང་གཉིས་ཞེས་གསུངས་ཡོད། དེ་མཇུག་རང་བྱུང་རྡོ་རྗེའི་སྐོར་གསུངས་ཚེ་ཞྭ་ནག་ཅོད་པན་གཉིས་པ་རང་བྱུང་རྡོ་རྗེ་ཞེས་གསུངས་ཡོད། གཞན་ཡང་ལོ་རྒྱུས་ཀྱི་ཡིག་ཆ་དུ་མ་ཡོད་པར་གསུངས།
ཞྭ་ནག་ཅོད་པན་གྱི་བྱུང་ཚུལ་ནི། ཞྭ་ནག་ཅོད་པན་དེ་ཉིད་དང་པོ་དུས་གསུམ་མཁྱེན་པའི་སྐབས་ནས་ཡོད་པ་ཞིག་ཡིན། ཀརྨ་པཀྵིའི་རང་རྣམ་ནང་། དར་གྱི་ཞྭ་དེ་སྔ་དུས་ཀྱང་གྱོན་མ་མྱོང་བ་ཞིག་གྱོན། ཞེས་འཁོད་ཡོད། དུས་གསུམ་མཁྱེན་པ་ཀཾ་པོ་གནས་ནང་ལ་སྒྲུབ་པ་མཛད་སྐབས་གྲུབ་ཆེན་ས་ར་ཧའི་ཞལ་གཟིགས་ཐོབ་སྟེ་དེ་སྐབས་ས་ར་ཧས་དབུ་ཞྭ་ནག་པོ་ཞིག་མནབས་ཡོད་པས་དེ་དང་མཚུངས་པ་ཞིག་དུས་གསུམ་མཁྱེན་པས་གསར་དུ་བཅོས་པར་མཛད། ཡོངས་གྲགས་ཞྭ་ནག་ཅེས་བརྗོད་ཀྱང་དངོས་འབྲེལ་ཁ་དོག་ལྟར་ན་མཐོན་མཐིང་གི་ཅོད་པན་ཡིན། ཁ་སྔོན་བདེ་མཆོག་གི་དབང་སྐབས་བུམ་དབང་རྣམ་ལྔ་ལས་ཅོད་པན་གྱི་དབང་སྐབས་ལྷ་སོ་སོ་མཚོན་བྱེད་ཀྱི་ཅོད་པན་གྱི་ཁ་དོག་སོ་སོར་ཡོད། དེས་ན་ཀརྨ་པར་ཞྭ་མཐོན་མཐིང་དང་མཚན་གྱི་མཐར་རྡོ་རྗེ་ཞེས་ཡོད་པ་ནི་རྒྱལ་བ་མི་བསྐྱོད་པ་མཚོན་པའི་སླད་དུ་ཡིན། སྤྱིར་ཞྭ་ནག་དེ་ཉིད་རྗེ་དུས་གསུམ་མཁྱེན་པའི་སྐུ་དུས་་ནས་ཡོད་ཀྱང་། ཕྱིས་སུ་ཀརྨ་པར་རྒྱ་ནག་གི་གོང་མ་དང་མིང་གོང་མ་རྣམས་ཀྱིས་རིན་པོ་ཆེ་ཕྲ་རྒྱན་གྱིས་བརྒྱན་པའི་དབུ་ཞྭ་ཕུལ་བ་ཡིན།
དབུ་ཞྭ་སྒྲོན་པའམ་ཞྭ་མཇལ་གཏོང་རྒྱུ་དེ་བཞིན་དུས་ནམ་བྱུང་ཞེ་ན། ལོ་རྒྱུས་ཐོག་ཀརྨ་པ་མི་བསྐྱོད་རྡོ་རྗེས་དབུ་ཞྭ་མཇལ་ཁ་སྟོན་རྒྱུ་ཐོག་མར་དར། དབུ་ཞྭ་ཁག་གཉིས་ལས། དབུ་ཞྭ་འཛམ་གླིང་གཡས་བཞག་དང་། གཞན་དེ་ཉིད་དབུ་ཞྭ་མཐོང་བ་དོན་ལྡན་ཡིན། དེ་ཉིད་མིང་རྒྱལ་པོས་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་ལ་ཕུལ་བ་ཞིག་ཡིན།
ཀརྨ་པ་མཁྱེན་ནོ་ཞེས་པའི་མཚན་སྔགས་འདོན་སྲོལ་དེ་ནམ་བྱུང་ཞེ་ན། མིང་གོང་མ་ཡུང་ལོའི་སྐབས་ཀརྨ་པ་དེ་བཞིན་གཤེགས་པ་ནན་ཅིང་ལ་ཕེབས་ཏེ་བོད་ཀྱི་གསང་སྔགས་དང་རྒྱ་མི་རིགས་དབར་འབྲེལ་བ་ཟབ་པོ་བྱུང་། དེ་སྐབས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་སྔགས་རྒྱ་ཡིག །བོད་ཡིག །ལཉྫ་སོགས་ཡིག་རིགས་སྣ་ཚོགས་ལ་དེ་བཞིན་གཤེགས་པའི་མཚན་སྔགས་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་བརྗོད་པ་ལས་ཀརྨ་པ་མཁྱེན་ནོ་ཞེས་པ་མི་འཇུག །ཀརྨ་པའི་མཚན་སྔགས་ལ་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་བྱུང་བ་ནི། སྤྱིར་ཀརྨ་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཡིན་པ་མཚོན། དེ་ཡང་མ་ཎི་བ་དེ་དག་ཀརྨ་པཀྵིའི་སྐབས་ནས་བྱུང་། པཎ་ཆེན་སྐུ་ཕྲེང་དྲུག་པ་ནས་མ་ཎི་ལག་སྐོར་དེ་བཞིན་ཀརྨ་པཀྵིའི་སྐབས་ནས་བྱུང་ཚུལ་གསུངས་ཡོད། ཀརྨ་པ་དང་མ་ཎི་ཡིག་དྲུག་དབར་དམིགས་བསལ་འབྲེལ་བ་ཡོད། ཀརྨ་པ་མཁྱེན་ནོ་ཞེས་པའི་བརྗོད་སྲོལ་ནམ་བྱུང་ཞེ་ན་དེ་ནི་བརྗོད་དཀའ། སྤྱིར་བོད་ཀྱི་ནང་། གཟིགས། མཁྱེན། སྐྱོང་ཞེས་བརྗོད་སྲོལ་ཡོད། དེ་ཡང་དཔེར་ན། ལྷ་ཡར་ལྷ་ཤམ་པོས་གཟིགས་ཞེས་པ་ལྟ་བུ། མང་ཚོགས་སུ་དེ་ལྟར་བྱུང་བ་ལྟར་ཕན་ཐོགས་ཆེ་བས་སྔགས་ཀྱི་བདེན་ཚིག་ཏུ་རིམ་པས་གྱུར་པ་ཞིག་ཡིན། དེ་ལྟར་མདོར་བསྡུས་ཙམ་ཞུ་ཟིནཔ་ཡིན། ངོས་རང་དམིགས་རིམ་ལ་དེ་ཙམ་གོམས་པ་མེད་ཀྱང་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་དམིགས་རིམ་གྱི་སྐབས་སུ་ཐུན་མིན་གྱི་ཚོར་བ་འབྱུང་བཞིན་མཆིས་ཞེས་བཀའ་སྩལ་མཇུག་སྔ་དྲོའི་ཆོས་ཐུན་རེ་ཞིག་གྲོལ། བསྟན་འཛིན་རྣམ་རྒྱལ་ནས་ཕབ།