ཕྱི་ལོ་ ༢༠༡༧ ཟླ་བ་ ༢ཚེས་ ༢༡ ནས་ ༢༦ བར་ཉིན་དྲུག་རིང་བཀའ་བརྒྱུད་སྨོན་ལམ་ཆོས་རར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་མི་འགྱུར་རིན་པོ་ཆེ། དེ་བཞིན་འབོ་དཀར་ཆུང་སྲིད་རིན་པོ་ཆེ་དང་མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེས་གཙོས་པའི་མཆོག་གི་སྤྲུལ་པའི་སྐུ་རྣམ་པ་དང་། རྡོ་རྗེ་སློབ་དཔོན་དང་དབུ་མཛད་རྣམ་པ། མཁན་སློབ་རྣམ་པ། ཀཾ་ཚང་དགོན་ཁག་ཡོངས་ནས་ཕེབས་པའི་དགེ་བཙུན་འདུས་པ་རྒྱ་མཚོ་ལྷན་བཞུགས་ཀྱིས་སྒར་ཆེན་དགུ་གཏོར་བརྗིད་ཉམས་ལྡན་པའི་སྒོ་ནས་འཚོགས་པར་མཛད།
དེ་ཡང་དམ་པའི་ཆོས་ཚུལ་བཞིན་སྐྱོང་བར་བྱེད་པའི་ལྷ་གཙོ་བོ་རྣམས་མདོའི་ནང་ཡོད། དེ་ཡང་། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མིའི་ནང་ནས་ཟླ་འོད་གཞོན་ནུ་དང་། དེ་བཞིན་ལྷ་རྣམས་ཀྱིས་ཟླ་འོད་གཞོན་ནུར། ཁྱེད་ཀྱིས་རྒྱལ་བའི་བསྟན་པ་འཛིན་ཚེ་བསྟན་པ་འཛིན་པའི་གྲོགས་ངེད་རྣམས་ཀྱིས་བྱེད་ཅེས། ལྷ་དུ་མས་ཁས་འཆེས་པའི་ཚུལ་རྣམས་གོང་གསལ་མདོའི་ནང་གསལ་ཡོད།
བཀའ་གདམས་པའི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བས། བསྟན་པ་འཛིན་སྐྱོང་བྱེད་པའི་འཁུར་དེ་དགེ་འདུན་དང་ཆོས་སྐྱོང་གཉིས་ཀ་ལ་ཡོད། འོན་ཀྱང་ཆོས་སྐྱོང་དེ་དག་ལ་བརྔན་པའི་ཚུལ་དུ་གཏོར་མ་གཏོང་དགོས་པར་གསུངས། སྤྱིར་ལྷ་སྒོམ་ཚུལ་དང་གཏོར་མ་གཏོང་ཚུལ་མདོའི་ནང་ཕྲན་ཚེགས་ཡོད་ཅིང་། གསང་སྔགས་ནང་དེའི་རྒྱུན་སྲོལ་ཆེས་མང་། དེ་དག་སྔར་རྒྱ་གར་ནང་ཤིན་ཏུ་དར་ལ། ཕྱིས་དེའི་རྒྱུན་བོད་དུ་དར་སྲོལ་ཆེར་བྱུང་བ་ཡིན། ཆོས་སྐྱོང་གི་ནང་ནས་མགོན་པོ་བེར་ནག་ཅན་དེ་པཎ་ཆེན་ནཱ་རོ་པ་ནས་བརྒྱུད་ཅིང་། དེ་ཡང་སྒྲ་སྒྱུར་གྱི་རྒྱལ་པོ་མངའ་བདག་མར་པ་ལོ་ཙཱ་ནས་བརྒྱུད་པ་ཞིག་དང་། ཕ་དམ་པ་སངས་རྒྱས་ཀྱི་གདམས་པ་ཞི་བྱེད་ཀྱི་ཆོས་སྐོར་ནང་དུའང་མཆིས། རྗེ་མར་པ་ནས་བརྒྱུད་པའི་ཁྲིད་དེའི་མིང་ལ་རླུང་སེམས་དབྱེར་མེད་ཅེས་བརྗོད་ཅིང་། དེ་ཉིད་བཀའ་བརྒྱུད་སྔགས་མཛོད་ནང་བཞུགས་ཡོད།
མགོན་པོའི་རྒྱུན་དེ་ཉིད་ཐོག་མར་གསང་བའི་ཚུལ་དང་། མཇུག་ཏུ་ཀརྨ་པཀྵིའི་སྐབས་རིམ་གྱིས་དར་སྲོལ་ཆེ་བར་བྱུང་། དེ་བཞིན་རྗེ་དྲུག་པ་མཐོང་བ་དོན་ལྡན་སྐབས་ཆེར་སྤེལ། ཁྱད་པར་ཞྭ་དམར་གཉིས་པ་རྗེ་མཁའ་སྤྱོད་དབང་པོས་དར་སྤེལ་ཤུགས་ཆེར་མཛད། མགོན་པོའི་སྐུ་བརྙན་དངོས་སུ་བཞེངས་པའི་ལམ་སྲོལ་དེ་བཞིན་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་བྱུང་། ཀརྨ་པ་དྲུག་པ་རྗེ་མཐོང་བ་དོན་ལྡན་གྱིས་མཛད་པའི་མགོན་པོའི་ལས་བྱང་ཆེན་མོ་སྡང་བ་རྣམ་སྲེག་གམ་མགོན་ཉོབ་མར་གྲགས་པ་འདི་རྒྱུད་དང་མན་ངག་གི་ཁྱད་ཆོས་གཉིས་ཀ་ལྡན་ལ་བརྗོད་བྱ་ཟབ་ཅིང་། རྗོད་བྱེད་རྒྱས་པ་སོགས་མགོན་པོའི་འཕྲིན་ལས་ཀྱི་གཞུང་མཐའ་དག་གི་མ་མོ་ལྟ་བུར་གྱུར་མོད། འདོན་རྫོབ་ཤིན་ཏུ་ཆེ་བས་སྐྱེ་བོ་ཕལ་པ་རྣམས་སྒྱིད་ལུག་པར་གྱུར་ཏེ་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་བཞེད་པ་ལྟར་རྗེ་ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་གིས་སྡང་བ་རྣམ་སྲེག་ལས་བཏུས་པའམ་སེར་མའི་ཆོ་ག་ཟུར་དུ་ཕྱེ་བས། དེའི་ཕྲིན་ལས་ཤིན་ཏུ་དར་བ་ཞིག་བྱུང་བས་གཞུང་འདིའི་དཔེ་རྒྱུན་ཡང་ཤིན་ཏུ་དཀོན་པར་གྱུར་པས། རྒྱལ་དབང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་ཉམས་པ་སླར་གསོའི་ཚུལ་གྱིས་གཞུང་ལ་འཕྲི་སྣོན་དང་བཅོས་ཀ་མཛད་ནས་མགོན་འཕྲིན་རྒྱས་པ་མི་ནུབ་བསྟན་རྒྱལ་མཛད།
གནས་མཆོག་རྡོ་རྗེ་གདན་དུ་དགུན་ཟླ་ཐ་ཆུང་མགོན་པོ་རྒྱུ་བའི་དུས་སུ། འཇིག་རྟེན་སྤྱི་དང་བོད་ཁམས་བསྟན་འགྲོའི་བདེ་རིམ་དུ་དམིགས་ཏེ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཕ་ཆོས་དྲི་མ་མེད་པ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་ལྕམ་དྲལ་གྱི་བསྟོད་ལས་བྱང་ཆུབ་སྒྲུབ་པ་དང་། དགྲ་ལས་དགྲ་བགེགས་ཚར་གཅོད། ལས་མཐའ་རྡོ་རྗེའི་གར་འཆམ་དང་བཅས་པ་ཚང་རྒྱས་འདི་བཞིན། འཕགས་ཡུལ་རྡོ་རྗེ་གདན་དུ་རྗེ་མཐོང་བ་དོན་ལྡན་གྱིས་མཛད་པའི་མགོན་པོའི་ལས་བྱང་ཆེན་མོ་དང་། མགོན་པོའི་རྔ་འཆམ་ཆེན་མོ་གཉིས་སྟབས་ཅིག་ཏུ་བྱ་བ་འདི་ལྟ་བུ་སྔར་བྱུང་མ་མྱོང་བའི་སྐལ་བཟང་ལ་ལོངས་སྤྱོད་པའི་བགོ་སྐལ་འདི་ལོ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པའི་སྐབས་སུ་ལེགས་པར་ཐོབ།
དེས་ན་དགུ་གཏོར་སྐབས་ཐོག་མའི་ཉིན་གཉིས་ལ་སྡང་བ་རྣམ་སྲེག་གམ་མགོན་ཉོབ་མའི་ཆོ་ག་རྒྱས་པ་དེ་བཞིན་འདོན་པར་མཛད། མཐའ་མའི་ཉིན་གཉིས་ལ་སྡང་བ་རྣམ་སྲེག་ལས་བཏུས་པ་རྗེ་ཞྭ་དམར་པ་དཀོན་མཆོག་ཡན་ལག་གིས་མཛད་པ་དེ་བཞིན་འདོན་རྒྱུ་ཡིན། ཆོས་སྐྱོང་ལ་གཏོར་མ་བསྔོ་རྒྱུ་དེ་རབ་བྱུང་བཙུན་པ་རྣམས་ལ་འཁྲི་བའི་ལས་འགན་ཞིག་ཡིན་པས་རྒྱུན་དུ་འདོན་བཞིན་པར་བརྟེན་རབ་བྱུང་རྣམས་ཀྱི་རྒྱུན་ཁྱེར་ལྟ་བུ་ཡིན།
ཉི་ཤུ་དགུ་ཉིན་མགོན་པོ་དང་། ལྷ་མོ། ཆོས་སྐྱོང་རྣམས་ཕར་ཚུར་ཏེ་ཕྱོགས་ཕན་ཚུན་དུ་རྒྱུ་བའི་དུས་ཡིན་ཕྱིར་དེའི་ཉིན་གཏོར་བསྔོས་རྒྱས་པ་འདོན་པ་དང་། དེ་ཡང་ཉེར་བརྒྱད་ཀྱི་སྲོད་ནས་ཉེར་དགུའི་ཉིན་གང་པོར་འདོན་པར་བྱེད། ཉི་ཤུ་དགུའི་གཏོར་མ་ཇེ་རྒྱས་སུ་བཏང་ནས་བདུན་གཅིག་ཏུ་ཚོགས་འཚོགས་པས་བདུན་སྒྲུབ་ཅེས་བརྗོད།
དགོས་པ་ནི་ཆོས་སྐྱོང་ལ་གཏོར་མ་རྒྱས་པར་འབུལ་བ་དང་། རྗེས་ལོའི་བར་ཆད་མ་ལུས་ཞི་བའི་ཕྱིར་གཏོར་ཟློག་མཛད་པ་སོགས་ཡིན། ཉི་ཤུ་དགུའི་ཉིན་ཆོས་སྐྱོང་ལ་གཏོར་མ་རྒྱས་པ་གཏོང་རྒྱུ་དེར་དགུ་གཏོར་ཞེས་བརྗོད་དེ། དེ་ཡང་ཉི་ཤུ་དགུའི་ཚིག་བསྡུས་ཏེ་དགུ་དང་། དེ་ཉིན་ཆོས་སྐྱོང་རྣམས་ལ་གཏོར་མ་རྒྱས་པར་གཏོང་དགོས་པར་བརྟེན་དགུ་གཏོར་ཆེན་མོ་ཞེས་བརྗོད་པ་ཡིན། དེ་དག་ནི་དགུ་གཏོར་དང་འབྲེལ་བའི་བཤད་པ་ཆེ་ལོང་ཙམ་ཡིན་ནོ། བསྟན་འཛིན་རྣམ་རྒྱལ་ནས།