ཕྱི་ལོ་ ༢༠༡༩ ཟླ་བ་ ༡ ཚེས་ ༡༣ ཉིན་དུས་ཚོད་བདུན་པའི་ཐོག་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་སྨོན་ལམ་ཆེན་མོའི་གར་སྟེགས་སུ་ཆིབས་བསྒྱུར་བསྐྱངས་ནས་དུས་ཚོད་ཅིག་ཙམ་གྱི་རིང་ལ་དབང་སྒྲུབ་གྱི་རིམ་པ་རྣམས་བསྒྲུབས་པར་མཛད། དད་ལྡན་ཆོས་ཞུ་བ་༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་གཙོས་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དགེ་འདུན་སྟོང་ཕྲག་དུ་མ་ཕེབས་ཤིང་། ཆོས་བརྒྱུད་གཞན་ནས་ཀྱང་དགེ་འདུན་དུ་མ་ཕེབས་ཡོད། དེ་བཞིན་རྒྱ་བལ་འབྲུག་གསུམ་གཙོ་བོ་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་དུ་མ་ནས་དད་ལྡན་མི་དམངས་སྟོང་ཕྲག་དུ་མ་ཕེབས་པས་བཀའ་དབང་དངོས་གཞིའི་སྐབས་སུ་སྨོན་ལམ་ཆོས་ར་ཆེན་མོའི་ར་བ་ལས་བརྒལ་ཏེ་ཆོས་རའི་ཕྱི་རོལ་ཏུའང་དད་ལྡན་དུ་མ་ལྷག་ཡོད།
དེ་ནས་དུས་ཚོད་དགུ་པའི་ཐོག་སླར་ཡང་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་ལ་ཡིད་དུ་འོང་བའི་སྤོས་སྣ་རྒྱ་གླིང་དང་བཅས་པའི་སེར་སྦྲེང་གི་སྒོ་ནས་སྨོན་ལམ་གར་སྟེགས་ཀྱི་བཞུགས་ཁྲིར་གདན་དྲངས། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་རྟིང་་དབང་ཞུ་བའི་སློབ་མ་རྣམས་ཀྱི་བསམ་པའི་ཀུན་སློང་ཇི་ལྟར་དགོས་པ་དང་། ལྷག་པར་དུ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བརྒྱུད་རིམ་གྱི་སྐོར་དང་། ཡི་དམ་དེ་ཉིད་ཀྱི་ཆེ་བ་དང་ཕན་ཡོན་གྱི་སྐོར་བཀའ་ཁྲིད་ཆེས་ཟབ་ཅིང་གནད་བསྡུས་པ་ཞིག་གསུངས།
དེ་ཡང་ཉིད་ཀྱི་ཞལ་སྔ་ནས། “ད་ལན་༸དཔལ་རྒྱལ་དབང་ཀརྨ་པ་ཆེན་པོས་བཀའ་ཕེབས་ཇི་བཞིན་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དབང་བསྐུར་བྱ་བའི་སྐབས། ཐོག་མར་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་དང་འབྲེལ་བ་ཡིན། དེས་ན་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས།” ཞེས་གསུངས།
བརྒྱུད་པའི་རིམ་པའི་སྐོར་ལ་༸སྐྱབས་རྗེ་ཉིད་ཀྱི་ཞལ་སྔ་ནས། “བོད་དུ་བསྟན་པ་ལ་སྔ་དར་དང་ཕྱི་དར་གཉིས་ཀའི་སྐབས་སུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་གྲངས་མེད་པ་དར་བ་ཡིན། དེའི་ནང་ནས་ལོ་རྒྱུས་རྒྱ་ཆེ་ཤོས་ནི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དེ་ཉིད་ཡིན། སྤྱིར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ལྷ་དགུ་དང་ལྷ་ལྔ་བཅས་གཉིས་སུ་ཡོད་པ་ལས་ད་ལན་སྐབས་འདིར་ལྷ་ལྔ་དེ་ཉིད་ཡིན། རྒྱལ་བ་རྒྱ་མཚོ་ལྷ་ལྔ་འདི་ཉིད་ཀྱི་ནང་དུ་བླ་མ། ཡི་དམ། མཁའ་འགྲོ། དཔའ་བོ། ཆོས་སྐྱོང་ལ་སོགས་པ་མ་འདུས་པ་གཅིག་ཀྱང་མེད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཉིད་ལ་བརྟེན་ནས་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་པདྨ་བཛྲ། མ་གཅིག་གྲུབ་པའི་རྒྱལ་མོ་ལ་སོགས་པའི་གྲུབ་ཐོབ་གྲངས་གྱི་མི་ལངས་པ་ཕེབས་ནས་འགྲོ་དོན་དཔག་ཏུ་མེད་པ་བྱུང་།
བོད་དུ་རྗེ་མར་པ་ཆེན་པོས་མི་ལ་རས་པ་ལ་སྤྱིར་ཁོ་བོས་ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གདམས་ངག་ཟབ་པ་དུ་མ་ཞིག་ཞུས་ཟིན་མོད་། འོན་ཏང་ད་དུང་རྒྱ་གར་དུ་ཡན་ལག་གི་ཆོས་དུ་མ་ཞིག་ལྷག་ཡོད་པས། གལ་ཏེ་ཁྱེད་རང་འགྲོ་ཐུབ་ན་ཁྱེད་རང་སོང་། ཁྱེད་རང་འགྲོ་མ་ཐུབ་ན་ཁྱེད་རང་གི་སློབ་མ་ཞིག་འགྲོ་ཐུབ་པས་དེ་བཏང་ནས་ཆོས་དེ་དག་ཅིས་ཀྱང་གདན་འདྲེན་དགོས་ཞེས་བཀའ་གནང་། རྗེ་བཙུན་མི་ལས་ཀྱང་རང་ཉིད་ཀྱི་སློབ་མ་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་ལ་རྒྱ་གར་འཕགས་པའི་ཡུལ་དུ་སྔར་བོད་དུ་མེད་པའི་ཆོས་ལེན་པར་མངགས། རས་ཆུང་པས་ཀྱང་བླ་མའི་བཀའ་བཞིན་རྒྱ་གར་དུ་ཕེབས་ནས་ལུས་མེད་མཁའ་འགྲོའི་ཆོས་འཁོར་ཞུས། ལྷག་པར་དུ་མ་གཅིག་གྲུབ་པའི་རྒྱལ་མོ་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དང་། ཏི་ཕུ་བ་གསང་སྔགས་སྡོང་པོའི་དྲུང་ནས་རྒྱལ་བ་རྒྱ་མཚོ་ལྷ་དགུའི་ཆོས་སྐོར་རྣམས་ཞུས། གཞན་ཡང་རྒྱལ་བ་རྒྱ་མཚོ་ལ་བརྟེན་པའི་སྒྲུབ་ཐབས་དེ་ཞུས་ནས་བོད་དུ་ཕེབས། རྗེ་བཙུན་གྱིས་བོད་དུ་འགྲོ་དོན་ཡོང་གསུངས་ནས་ཐུགས་མཉེས་པ་བྱུང་།
དེ་ནས་རས་ཆུང་གི་སློབ་མའི་གཙོ་བོ་བླ་མ་ཟངས་རི་རས་པ་ལ་གནང་།ཟངས་རི་རས་པ་ནི་དང་པོ་ཆོས་པ་ཞིག་ཡིན། རྗེས་སུ་རས་ཆུང་རྡོ་རྗེ་གྲགས་པ་མཇལ་ཞིང་དད་པ་སྐྱེས་ནས་རས་ཆུང་གི་སློབ་མར་གྱུར། བླ་མ་རས་ཆུས་པས་ཀྱང་ཁོང་ལ་རྒྱལ་བ་རྒྱ་མཚོའི་ཆོས་ཐམས་ཅད་གནང་བར་མཛད། ཟངས་རི་རས་པས་འགྲོ་མགོན་རས་ཆེན་རྟེན་དགེ་སློང་མ་ཡིན་པའི་སྐབས་སུ་གནང་། འགྲོ་མགོན་རས་ཆེན་ཁོང་ཁམས་ལ་ཕེབས་ནས་དགུང་ལོ་སོ་བདུན་གྱི་སྟེང་དུ་དགེ་སློང་གི་སྡོམ་པ་བཞེས། ཁོང་ནི་ཀརྨ་བཀའ་བརྒྱུད་ཀྱི་གྲུབ་ཐོབ་ཆེན་པོར་གྱུར། ཀརྨ་པ་དུས་གསུམ་མཁྱེན་པའི་སྐུ་མདུན་ནས་ཆོས་དཔག་ཏུ་མེད་པ་ཞུས་ནས་སྙིང་པོ་དོན་གྱི་བསྟན་པའི་བརྒྱུད་འཛིན་གྱི་གྲས་སུ་གྱུར། ཁོང་གི་སློབ་མ་དུ་མ་ཡོད་པ་ལས་གཙོ་བོ་རྗེ་བཙུན་བློ་གྲོས་རྒྱལ་མཚན་དང་། རྒྱལ་སྲས་སྤོམ་བྲག་པ་གཉིས་ཡིན། ཁོང་གཉིས་ལ་རྒྱལ་བ་རྒྱ་མཚོའི་ཆོས་སྐོར་རྣམས་གནང་བར་མཛད་། བློ་གྲོས་རྒྱལ་མཚན་དགུང་ལོ་རིང་པོ་མ་བཞུགས་པར་ཞིང་དུ་གཤེགས། སྤོམ་བྲག་པ་སྐུ་ཚེ་རིང་པོ་བཞུགས་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོས་སྐོར་ཡོངས་སུ་རྫོགས་པ་ཀརྨ་པ་སྐུ་ཕྲེང་གཉིས་པ་པཀྵི་ལ་གནང་བར་མཛད།
རྒྱལ་དབང་ཀརྨ་པ་སྐུ་འཕྲེང་གཉིས་པ་པཀྵི་ནི་གྲུབ་ཐོབ་ཆེན་པོ་ཡིན། དེ་ཡང་ཤར་ཕྱོགས་འབའ་ཞེས་པའི་ཡུལ་དུ་སྤུངས་རི་ཞེས་པ་ཞིག་ཡོད། དེར་བཅོམ་ལྡན་འདས་རྒྱལ་བ་རྒྱལ་མཚོའི་ཞལ་གཟིགས་ཤིང་ཀརྨ་པ་དང་རྒྱལ་བ་རྒྱ་མཚོ་གཉིས་སུ་མེད་པར་གྱུར། རྒྱལ་བ་རྒྱ་མཚོའི་གྲུབ་པ་ཐོབ་པ་ལ་བརྟེན་ནས་ཀརྨ་པཀྵི་སོག་པོ་དང་རྒྱ་ནག་ལ་ཕེབས་ནས་དེའི་རྒྱལ་པོ་རྣམས་དམ་པའི་ཆོས་སུ་བཙུད་ཅིང་འགྲོ་དོན་དཔག་ཏུ་མེད་པ་བྱུང་། དེས་ན་བསྟན་པ་སྤྱི་ལ་ཆེས་བཀའ་དྲིན་ཆེ་བ་ཡིན་ནོ། པཀྵིའི་གསུང་ལ་རྒྱལ་བ་རྒྱ་མཚོའི་འགྲོ་དོན་ནི་ནམ་མཁའི་མཐའ་དང་མཉམ་པ་ཡིན་ཞེས་གསུངས། པཀྵིས་གཉན་རས་ལ་གནང་། གཉན་རས་ཀྱིས་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ལ་གནང་། དེ་ནས་༸རྒྱལ་དབང་ཀརྨ་པ་སྐུ་འཕྲེང་རིམ་པར་བྱོན་པ་རྣམས་ཀྱིས་ཐུགས་ཉམས་ལེན་གྱི་གཙོ་བོ་མཛད་པར་གསུངས། མ་ཟད་གུ་རུ་རིན་པོ་ཆེས་གཏེར་དུ་སྦས་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་དུ་མ་ཡོད་པ་རྣམས་ཀྱང་འདིའི་ནང་དུ་འདུས་པ་ཡིན།” ཞེས་བརྒྱུད་པའི་རིམ་པའི་སྐོར་གྱི་བཀའ་ཁྲིད་གནང་བར་མཛད།
དེ་ནས་དད་ལྡན་སྦྱིན་བདག་འགའ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་ཅིང་བཀའ་དབང་དངོས་གཞི་དབུ་བཙུགས། དེ་ཡང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བཀའ་དབང་རྣམས་རིམ་བཞིན་དམིགས་པ་དང་སྦྲག་ནས་གནང་བར་མཛད་པས་ཆོས་ཞུ་བ་ཡོངས་དབང་ཐོབ་སོང་སྙམ་པའི་ཡིད་དགའ་མགུའི་གནས་སུ་བཀོོད། མཐར་ཆོས་ཞུ་བ་སྟོང་ཕྲག་དུ་མ་ཡོད་ཀྱང་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་སྐུ་དངོས་དབང་འགྲེམས་སུ་ཕེབས་ནས་ཆོས་ཞུ་བ་ཡོངས་ཡིད་ཚིམས་པའི་་བཀའ་དྲིན་བསྐྱངས་པར་མཛད་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བཀའ་དབང་གྲུབ་བོ། །
དེ་ལྟར་གནས་ཚུལ་མདོོར་བསྡུས་ཞིག་གངས་ལ་ཉི་ཤར་ནས།