ཐུན་མཚམས་སྐབས་ཉམས་ལེན་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་ཏེ། དམིགས་པ་ལ་སེམས་གཏད་རྒྱུ་ཡུན་ཐུང་ལ་གྲངས་མང་བ་ཡིན་པས། ཆུ་ཐིགས་གསོག་པ་བཞིན་ཚོར་བ་དྲན་པ་ཉེ་བར་གཞག་སྐབས། ཚོར་བའི་རང་བཞིན་མ་ཤེས་པར་ཚོར་བ་དེ་རྟག་གཅིག་རང་དབང་ཅན་དུ་བལྟ་བ་དེ། འཛིན་པ་དང་བཅས་པའི་ཚོར་བ་ཡིན་པས། དེ་སྡུག་བསྔལ་གྱི་རང་བཞིན་ཡིན། ཚོར་བ་བདེ་བ་དེ་འགྱུར་བའི་སྡུག་བསྔལ་གྱི་རང་བཞིན། ཚོར་བ་སྡུག་བསྔལ་དེ་སྡུག་བསྔལ་གྱི་སྡུག་བསྔལ་གྱི་རང་བཞིན། ཚོར་བ་བཏང་སྙོམས་དེ་ཁྱབ་པ་འདུ་བྱེད་ཀྱི་རང་བཞིན་ནོ། དེས་ན་འཛིན་པ་དང་བཅས་པའི་ཚོར་བ་བདེ་བ་དེ་ཐོབ་པར་འདོད་ནས་སྒྲུབ་པ་ཡིན་ན། སྡུག་བསྔལ་གྱི་རང་བཞིན་ཡིན་སྟབས། བ་ཚའི་ཆུ་འཐུང་བ་བཞིན། ངོམས་རྒྱུ་མེད། ཚོར་བ་སྔ་མ་གཉིས་ནི་གོ་སླ། ཕྱི་མ་ཚོར་བ་བཏང་སྙོམས་ནི། སྤྱི་གཙུག་ནས་རྐང་མཐིལ་བར་ཁྱབ་པའི་ཚོར་བ་ཕྲ་མོ་དེའོ། ཚོར་བ་དེ་སྔུག་བསྔལ་ཇི་ལྟར་ཡིན་ཞེ་ན། ཚོར་བ་དེ་ཁོང་དུ་ཡོད་པས། དེའི་རྐྱེན་བྱས་ཏེ། རེ་དོགས་དང་སྤང་བླང་གི་འདོད་པ་སོགས་མ་ཚིམས་པའི་བློ་བྱུང་བས་སོ།
གཉིས་པ་སེམས་དྲན་པ་ཉེ་བར་གཞག་པ་ནི། རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་དྲན་པ་ཉེ་བར་གཞག་དགོས། དེ་མུ་སྟེགས་པ་དང་ཐུན་མོང་མ་ཡིན་པ་ཡིན་ཚུལ་ནི། ཡུལ་གྱི་གནས་ལུགས་དང་མཐུན་པ་རེ་དོགས་མེད་པའི་སྒོ་ནས་སེམས་གཏད་པའི་དྲན་པ་དེ། བདག་མེད་རྟོགས་པའི་ཤེས་རབ་ཀྱི་ངོ་བོར་བསྐྱེད་དེ་ཐར་པ་ཐོབ་པར་འགྱུར་བ་དེའོ། སེམས་དྲན་པ་ཉེ་བར་གཞག་པའི་ཉམས་ལེན་སྐབས་རྣམ་རྟོག་ལ་སེམས་མ་གཡེངས་བར་ལྟ་དགོས། དེ་ཡང་རྡོ་རྗེ་འཆང་ཐུང་མ་ལས། ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོགས་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱ་བློ་དང་བྲལ་བར་བྱིན་གྱིས་རློབས། །ཞེས། རྣམ་རྟོག་ལ་མ་ཡེངས་པར་བལྟ་སྐབས་ཉམས་མྱོང་གཉིས་འབྱུང་གི་ཡོད། རྣམ་རྟོག་ཡལ་འགྲོ་བ་དང་། རྣམ་རྟོག་ཤར་བ། དང་པོ་དེ་བཟང་པོ་ཡིན། རྟོག་མེད་དམ་དམིགས་པ་མེད་པར་འགྱུར་བའི་རྟགས་སོ། གཉིས་པ་དེ་བྱུང་ན་མ་བཅོས་པར་དེའི་ངང་ལ་བཞག་དགོས། ཞེས་གསུངས་སོ།། བསོད་ནམས་དབང་རྒྱལ་ནས།