ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ཉིན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བཞི་པའི་སྐབས། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས། མཉམ་མེད་ཇོ་བོ་རྗེས་སྡེ་སྣོད་ཐམས་ཅད་ཀྱི་སྙིང་པོ་མ་ལུས་བསྡུས་ནས་སྐྱེས་བུ་རབ་འབྲིང་མཐའ་གསུམ་གྱི་ཉམས་ལེན་གྱི་གནད་བསྡུས་གསུངས་པ་རེད། དེ་ཡང་སྐྱེས་བུ་རབ་འབྲིང་ཐ་གསུམ་ནི་ཆོས་ཉམས་སུ་ལེན་པའི་གང་ཟག་གི་ཆུ་ཚད་ལ་མཐོ་དམན་འབྲིང་གསུམ་ཡོད་པས་སོ། དེ་ལས་རིམ་པ་དམའ་ཤོས་ཀྱི་ཚད་གཞི་ནི། ཕྱི་མ་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཏེ་ཆོས་ཉམས་སུ་ལེན་པའི་སྐྱེས་བུ་ཞིག་ཡིན། དེ་ནི་ཆོས་སྒྲུབ་མཁན་དམའ་ཤོས་ཤིག་ཡིན་མོད། དེང་གི་དུས་ཆུ་ཚད་དེར་སླེབས་པའང་ཤིན་ཏུ་དཀོན་པ་ཡིན། དེལའང་ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་ལ་དེ་ཉིད་བློར་དྲན་དགོས། དེ་བློར་མ་ཤར་ན་དེར་བློ་ལོག་པ་དཀའ། ངན་སོང་གི་སྡུག་བསྔལ་ཡང་དྲན་པ་ཙམ་གྱིས་མི་ཆོག་པར་ལས་འབྲས་ལ་ངེས་ཤེས་གཏིང་ཚུགས་པ་ཞིག་སྐྱེ་དགོས། ད་ལྟ་རྒྱུ་འབྲས་ཀྱི་རྣམ་གཞག་ལེགས་པར་ཤེས་ནས་ལས་འབྲས་ལ་ཡིད་ཆེས་པའི་སྒོ་ནས་སྤང་བླང་ཚུལ་བཞིན་དུ་བྱེད་པའང་མེད། དེ་ལྟར་དགེ་བ་སྣ་གཅིག་ཀྱང་མི་བྱ་བར་མི་དགེ་བ་ཁོ་ན་གསོག་པ་ནི་སེམས་ཅན་རྣམས་ཚོགས་མི་བསགས་པ་དང་ལས་ངན་པ་ཡིན་པར་གསུངས།
སྤྱིར་དེང་གི་དུས་ཆོས་པ་འགས་ཐོག་མར་བླ་མ་དགེ་བའི་བཤེས་གཉེན་གྱི་དྲུང་དུ་སྐྱབས་འགྲོ་དང་སེམས་བསྐྱེད་ཞུས། ཕྱིས་སུ་དེ་དག་གི་དྲུང་ནས་ཚེ་འདིར་མཁོ་དགུའི་དཔལ་འབྱོར་དུ་མ་ཞིག་མ་ཐོབ་ན་དེ་བདག་གི་སློབ་དཔོན་མིན་ཞེས་བརྗོད། གང་ཡིན་ཞེ་ན། དྲང་པོར་བརྗོད་པས་མི་གཞན་རྣམས་ཀྱིས་འཕྱ་བར་བྱེད་འོང་སྙམ། ཡང་དེང་གིས་དུས་མི་འགའ་ཞིག་ལ་དེ་ཁྱོད་ཀྱིས་སློབ་དཔོན་མིན་ནམ་ཞེས་འདྲི་ན། མིན་ཏེ་འོན་ཀྱང་ངས་སྔོན་སྐྱབས་འགྲོ་དང་སེམས་བསྐྱེད་ཙམ་ཞིག་ཞུས་ཟེར། དེ་ནི་ཤིན་ཏུ་ཡ་ང་བའི་གཏམ་ཞིག་ཡིན། གང་ཡིན་ཞེ་ན། སྐྱབས་འགྲོ་དང་སེམས་བསྐྱེད་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པར་མ་ཤེས་པའི་སྐྱོན་ཡིན། དེ་གཉིས་ཆོས་མ་ཡིན་པ་ལྟ་བུ་བྱེད་པ་ནི་ཡང་དག་པ་ཞིག་མིན། ཡང་མི་འགའ་ཞིག་གིས་བླ་མའི་དྲུང་ནས་ཆོས་ཞུ་རྒྱུ་ཡིན། འོན་ཀྱང་མི་གཞན་ལ་མ་བཤད་ཅེས་མནའ་སྐྱེལ་དམ་བཅའ་བྱེད་དུ་འཇུག །དེ་ནི་སྙིགས་མ་ལྔ་བདོའི་དུས་ཀྱི་བླ་སློབ་ཀྱི་འབྲེལ་བ་དེ་སྙིང་བརྩེ་བའི་ཡུལ་དུ་གྱུར་པ་ཞིག་གོ
དེ་ལྟར་མ་ཡིན་པར་ཆོས་ལས་གསུངས་པ་བཞིན་རང་གིས་ཉམས་སུ་ལེན་ན་དགེ་བའི་བཤེས་གཉེན་བསྟེན་པ་ལས་གནད་ཆེ་བ་ཞིག་མེད། དཔེར་ན། འཇིག་རྟེན་པས་བག་མ་ཞིག་བསུས་པ་ཡིན་ཡང་དེའི་སྔོན་རོལ་ཏུ་ཕ་མ་སུ་ཡིན་པ་དང་། འདས་པའི་ལོ་རྒྱུས་ཇི་ལྟར་ཡིན་པ་བརྟགས་པ་དང་། ཡང་རྟ་ཞིག་ཉོས་ཀྱང་སོ་དང་རྒྱབ་མདུན་ཡོངས་སུ་རྫོགས་པ་བརྟགས་པ་བཞིན། བླ་མ་དགེ་བའི་བཤེས་གཉེན་ནི། བདག་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མགོན་སྐྱབས་བླ་ན་མེད་པ་ཞིག་ཡིན་པས་ཤིན་ཏུ་གནད་ཆེ་བ་ཞིག་ཡིན། དེས་ན་དང་པོར་བླ་མ་དེ་ཉིད་མཚན་ཉིད་དང་ལྡན་པ་ཡིན་མིན་ལེགས་པར་བརྟགས་ནས་ཆོས་ཞུ་དགོས། དེ་ལྟར་མ་བརྟགས་པར་རིག་ཚད་བསྟེན་ན་བླ་མས་སློབ་མ་བསླུ་བར་བྱེད། བླ་མས་བསླུ་བ་དེ་ཕྱོགས་གཅིག་ནས་བླ་མའི་སྐྱོན་དང་ཕྱོགས་གཅིག་ནས་སློབ་མས་བླུན་དད་བྱས་པའི་སྐྱོན་ཡིན། དེས་ན་སློབ་མས་བླུན་དད་བྱ་བར་མི་རིགས་སོ།
གོང་ཞུས་བཞིན་བླ་མའི་སྐུ་གསུང་ཐུགས་ལ་ལེགས་པར་བརྟགས་ཤིང་དཔྱད་ནས་ཡིད་ཆེས་གཏིང་ཚུགས་པ་ཞིག་བྱུང་ན་སུས་ཀྱང་ཟློག་ཏུ་མེད་པའི་དད་པ་ཞིག་སྐྱེས། དེ་ལྟའི་དད་པ་ཞིག་མ་སྐྱེས་བར་མོས་གུས་སྒོམ་གྱི་ཡོད་བླ་མ་སྒྲུབ་ཀྱི་ཡོད་ཅེས་པ་ནི་རྫུན་ཡིན། བླ་མ་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན་སྒྲུབ་མི་དགོས་པར་གྲུབ་གྲུབ་པ་ཡིན། གང་ཡིན་ཞེ་ན། རྟག་ཏུ་དེའི་ཐུགས་རྗེ་བྱིན་རླབས་ཀྱིས་ཁྱབ་ནས་ཡོད་ཅེས་གསུངས།
བླ་མ་སྒྲུབ་པ་དང་བླ་མ་མཆོད་པ་ཞེས་པ་ནི་བླ་མ་ཐུགས་མཉེས་པའི་སླད་དུ་ཡིན། བླ་མའི་ཐུགས་མཉེས་པར་བྱེད་པ་ལ་སྡོམ་པ་གསུམ་གྱི་ཉམས་ལེན་ཚུལ་བཞིན་དུ་བྱེད་པ་དེ་ཡིན། བླ་མ་དེ་གསང་བ་སྔགས་ཀྱི་ནང་དུ་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པ་དབང་བཞི་ལས་གསུངས་ཡོད། དིང་སང་ནི་རང་བཟོ་ཁོ་ན་བགྱིས་ཏེ་རྒྱུད་སྡེ་ནས་གསུངས་པ་ཇི་བཞིན་མིན་པར་རང་གི་བླ་མ་དེའི་མཚན་སྔགས་ཨོཾ་བཛྲ་བཀྲ་ཤིས་ཞེས་པ་ལྟ་བུ་ཞིག་གསོག་པར་བྱེད། དེ་ནི་ཡང་དག་པ་ཞིག་དང་ལེགས་པོ་ཞིག་མིན་པའི་རྟགས་མཚན་ཡིན། བླ་མས་སློབ་དགོས་རྒྱུ་སེམས་རྒྱུད་ལ་ཕན་པའི་ཆོས་དང་སྡོམ་པ་གསུམ་གྱི་ཉམས་ལེན་རྣམས་མི་སློབ་པར་བླ་མ་རྡོ་རྗེ་འཆང་ཡིན་ཞེས་པ་ལྟ་བུ་རྫུན་ཁོ་ན་བཤད་ན་དེ་ཡང་དག་པ་ཡིན་ཞེས་བརྗོད་མི་ནུས།
པོ་ཏོ་བ་ཁོ་བོས་ནི་སྔར་ནས་ད་བར་བླ་མ་མཚན་ཉིད་དང་ལྡན་པ་མ་གཏོགས་བསྟེན་མྱོང་མེད། དེ་ལྟར་བསྟེན་པའི་བླ་མ་དེ་དག་རྣམས་ལས་ཞུས་པའི་ཆོས་མཐའ་དག་རང་རྒྱུད་ཀྱི་ཉོན་མོངས་འདུལ་བའི་ཐབས་སུ་སྤུངས་པ་ལས་ཁ་བཤད་ཁོ་ནའི་ཕྱིར་དུ་བཞག་པ་མེད་ཅེས་གསུངས། དེས་ན་ཆོས་བཤད་པ་དང་གོ་བ་ཙམ་གྱིས་མི་ཕན་པར་སོ་སོའི་རྒྱུད་ལ་སྦྱོར་བ་དང་སེམས་རྒྱུད་དང་འབྲེལ་བ་བྱ་རྒྱུ་ནི་ཤིན་ཏུ་གནད་ཆེ། ཆོས་རྒྱུད་ལ་སྦྱོར་ཞེས་པའི་དོན་ནི། ཆོས་ནས་ཇི་ལྟར་གསུངས་པ་ལག་ལེན་ཚུལ་བཞིན་དུ་བསྟར་རྒྱུ་དེ་ཡིན། ཞེས་བཀའ་སྩལ་ཏོ། །
ཀརྨ་ཚེ་རིང་ནས་ཕབ།