KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

ཞིང་གཤེགས་དམ་པ་ཐ་ཡི་ལེཎྜ་རྒྱལ་པོ་མཆོག་གི་རྗེས་དྲན་སྲུང་བརྩི།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༨  ཉིན་བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དབུ་བཞུགས་ཐོག །སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ། ཟུར་མང་གར་དབང་རིན་པོ་ཆེ། ཡོངས་དགེ་མི་འགྱུར་རིན་པོ་ཆེ། ཆབ་དོ་ཞི་བ་ལྷ་རིན་པོ་ཆེ་གཙོས་པའི་སྤྲུལ་པའི་སྐུ་རྣམ་པ་དང་། དེ་བཞིན་མཁན་སློབ་རྣམ་པ། གཞན་ཡང་འཕགས་ཚོགས་འདུས་པ་ཡོངས་དང་། དམིགས་བསལ་ཐ་ཡི་བནྡེ་བརྒྱ་ཕྲག་ལ་ཉེ་བ་རྣམས་ནས་ཞིང་གཤེགས་དམ་པ་ཐ་ཡི་ལེཎྜ་གྱི་ས་སྐྱོང་ཆེན་པོ་ (Bhumibol Adulyadej) མཆོག་གི་རྗེས་དྲན་སྲུང་བརྩི་ཞུས་ཤིང་། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་རྟེན་གསུམ་དྲུང་དུ་སྣང་གསལ་ཞལ་དབྱེ་དང་དེ་བཞིན་ཞིང་གཤེགས་དམ་པ་ཐ་ཡི་ལེཎྜ་རྒྱལ་པོའི་སྣང་བརྙན་གྱི་གམ་དུ་ཡང་སྣང་གསལ་ཞལ་འབྱེད་མཛད།

རྗེས་དྲན་དེ་ལྟར་ཞུ་དགོས་དོན་ཡང་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་སློབ་ཕེབས་དོན་དུ། དེ་རིང་འདིར་ཐ་ཡི་ལེཎྜ་གྱི་རྒྱལ་པོ་མཆོག་གི་རྗེས་དྲན་མཚོན་བྱེད་དུ་གནས་བརྟན་པའི་སྡེ་པ་དང་ཐམས་ཅད་ཡོད་སྨྲ་སྡེ་པའི་དགེ་སློང་རྣམས་འདིར་འཛོམས་ཏེ་སྨོན་ལམ་གནང་རྒྱུ་བྱུང་ཡོད། དེ་འདྲ་སོང་ཙང་ལྷན་ཅིག་ཏུ་མཉམ་དུ་འཛོམས་པའི་གོ་སྐབས་བྱུང་བ་དེ་ལ་དགའ་ཚོར་དཔག་མེད་བྱུང་། རྒྱལ་པོ་མཆོག་ནི་ཐ་ཡི་ལེཎྜ་མི་མང་གི་མགོན་སྐྱབས་དང་དད་མོས་ཞུ་ཡུལ་ཙམ་དུ་མ་ཟད་འཛམ་བུ་གླིང་པ་སྤྱི་ཡོངས་ཀྱི་གུས་བཀུར་ཞུ་ཡུལ་དང་། བྱེ་བྲག་ཏུ་ནང་པ་སངས་རྒྱས་པ་ཡོངས་ཀྱི་གཟི་བརྗིད་ལྟ་བུ་གྱུར་ཡོད། ནང་པ་སངས་རྒྱས་པའི་ལོ་རྒྱུས་ནང་བདག་ཅག་གི་སྟོན་པ་བླ་ན་མེད་པ་དེ་ཉིད་འཚོ་ཞིང་གཞེས་པའི་སྐབས་རྒྱ་གར་འཕགས་པའི་ཡུལ་དུ་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི་ལ་སོགས་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་མཛད་ཡོད། དེའི་ཚུལ་དང་མཐུན་པར་ཐ་ཡི་རྒྱལ་པོ་མཆོག་གིས་ཀྱང་སྐུ་ཚེ་ཧྲིལ་པོར་དམིགས་བསལ་ཐ་ཡི་རྒྱལ་ཁབ་ཀྱི་བདེ་སྐྱིད་དང་། དེ་བཞིན་རྒྱལ་ཁབ་བརྟན་གནས་ཡོང་བའི་ཆེད་ཞབས་ཏོག་བསྒྲུབས་པ་མ་ཟད་ནང་པ་སངས་རྒྱས་པའི་ཆོས་རྒྱུད་དྲི་མ་མེད་པ་དེ་ཉིད་དར་རྒྱས་ཡོང་བའི་སླད་མཛད་རྗེས་མང་པོ་བཞག་ཡོད། དེ་འདྲ་ཡིན་སྟབས་དེ་རིང་ཁོང་གི་རྗེས་དྲན་འདིས་ཕྱོགས་གཅིག་ནས་ཞིང་གཤེགས་རྒྱལ་པོའི་བཀའ་དྲིན་རྗེས་དྲན་ཞུ་བའི་ཆེད་དང་། དེ་བཞིན་ཁོང་གི་བྱམས་བརྩེ་དང་། མཁྱེན་རབ་ཀྱི་ནུས་པ་དེ་དག་ཉམས་པ་མེད་པར་མུ་མཐུད་ནས་ང་ཚོས་རྒྱུན་འཛིན་བྱེད་ཐུབ་པའི་སྤོབས་པ་དང་རེ་བ་མཚོན་བྱེད་ཅིག་ཀྱང་ཆགས་ཡོད་སྙམ། དེ་རིང་འདིར་དམིགས་བསལ་ང་ཚོས་ཐ་ཡི་ལེཎྜ་གཞུང་གི་དགོན་པ་བརྒྱུད་བྱས་ཐ་ཡི་དགེ་སློང་མང་པོ་ཞིག་གདན་འདྲེན་ཞུ་བའི་གོ་སྐབས་ཀྱང་བྱུང་ཡོད། དེ་འདྲའི་དགེ་སློང་མང་པོ་ཕེབས་པ་འདི་ཕལ་ཆེར་བོད་རྒྱུད་ནང་བསྟན་ནང་དཀོན་པ་ཡིན་སྲིད། དེ་འདྲ་ཡིན་ཙང་ལོ་རྒྱུས་དེ་དག་དོན་སྙིང་ལྡན་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་ཁོང་རྣམ་པ་ཐམས་ཅད་ལ་ཐུགས་རྗེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་ཏོ། །

དེ་ནས་ཐ་ཡི་དགེ་སློང་རྣམས་ཀྱིས་ཁོ་པའི་རང་ལུགས་དང་མཐུན་པའི་ཞལ་འདོན་དལ་ལྷོད་ཀྱིས་མཛད་མཐར་རང་རེ་རྣམས་ནས་ཀྱང་དེ་བཞིན་དུ་མི་འཁྲུགས་པའི་མདོའི་དབུ་བཟུང་སྟེ་རྗེས་དྲན་དུས་ཡུན་ཕྱག་ཚོད་གཉིས་ཙམ་རིང་རྒྱུན་སྐྱང་མཛད།

དེ་ཡང་ཞིང་གཤེགས་དམ་པ་ཁོང་ནི་ནང་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཆེན་པོ་ཞིག་ཡིན་པ་མ་ཟད་ནང་པའི་ཆོས་ཕྱོགས་ལ་དད་གུས་ཆེ་ཞིང་འབངས་རྣམས་ཆོས་བཞིན་དུ་བྱམས་བརྩེས་སྐྱོང་བར་མཛད་པོ་ཞིག་ཀྱང་ཡིན། དེས་ན་ཁོང་གི་ངོ་སྤྲོད་མདོ་ཙམ་ཞུ་བར་བྱེད་པ་ལ། ས་སྐྱོང་ཁོང་ནི་ཕྱི་ལོ་ ༡༩༢༧ ཟླ་ ༡༢ ཚེས་ ༥ ཉིན་ཨ་རིའི་ (Cambridge, Massachusetts) དུ། ཡབ་རྒྱལ་པོ་ (Mahidol Adulyardej) མཆོག་དང་། ཡུམ་ (Srinagarindra) གཉིས་ཀྱི་སྲས་སུ་སྐུ་བལྟམས། དེའི་རྗེས་ཕྱི་ལོ་ ༡༩༢༨ ལོར་ཡབ་ཡུམ་འཁོར་དང་བཅས་པ་ཐ་ཡི་ལེཎྜ་དུ་ཕེབས་ཤིང་། ༡༩༢༩ ལོའི་ཟླ་བ་དགུ་པར་ཡབ་ཞིང་དུ་གཤེགས། དེའི་དུས་ཁོང་དགུང་གྲངས་གཉིས་ཙམ་དུ་ཕེབས་ཡོད། དེ་ནས་ཡུམ་གྱི་བྱམས་སྐྱོང་དང་ལམ་སྟོན་འོག་རིམ་གྱིས་འཚར་ལོངས་བྱུང་ཞིང་། དེ་ནས་དགུང་གྲངས་དྲུག་ཏུ་ཕེབས་སྐབས་ (Bangkok) ནང་ཡོད་པའི་སློབ་གྲྭ་ (Mater dei) ནང་ཕྱི་ལོ་ ༡༩༣༢ ལོར་ཐོག་མར་གསན་བསམ་གྱི་དབུ་བཙུགས་མཛད། དེར་ལོ་ངོ་གཅིག་ཙམ་བཞུགས་རྗེས་ཡུམ་སྲས་ཐམས་ཅད་ (Switzerland) དུ་གནས་སྤོས་མཛད། དེར་སྲས་ཀྱིས་ཐོག་མར་གཞི་རིམ་སློབ་གྲྭའི་འཕྲོ་སྐྱོང་དང་། དེ་མཇུག་མཐོ་རིམ་སློབ་གྲྭ་དང་ཆེས་མཐོའི་སློབ་གཉེར་ཁང་སོགས་འགྲིམས་ཏེ་གསན་བསམ་མཐར་ཕྱིན་པར་མཛད། དེ་ནས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་རྗེས་སུ་སླར་ཡང་རང་གནས་ཐ་ཡི་ལེཎྜ་དུ་ཕྱིར་ཕེབས་པ་དང་། དེ་རྗེས་ཕྱི་ལོ་ ༡༩༤༦ ཟླ་ ༦ ཚེས་ ༩ རང་ཉིད་དགུང་ལོ་བཅུ་དགུར་སོན་སྐབས་རྒྱལ་པོའི་ཁྲིར་མངའ་གསོལ། དེ་ནས་རིམ་གྱིས་མི་ལོ་བདུན་ཅུ་ལྷག་ཙམ་རིང་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཏེ་རྒྱལ་འབངས་རྣམས་བདེ་བའི་དཔལ་ལ་བཀོད། ཕྱིས་དགུང་གྲངས་ ༨༨ དུ་ཕེབས་སྐབས་ཡུན་རིང་སྐུ་ཁམས་མི་བདེ་བར་སྙུན་གྱིས་ཟིན་ཏེ་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༣ ཉིན་ཐ་ཡི་ལེཎྜ་གྱི་རྒྱལ་ས་ (Bangkok) ཏུ་གུང་ཡོལ་དུས་ཚོད་བཞི་པ་ཙམ་དུ་དགོངས་པ་རྫོགས་པ་བཅས་ཀྱི་མཛད་རྣམ་མདོར་བསྡུས་སུ། བསམ་གཏན་མཐར་ཕྱིན།

20170218PM_Memorial Service for His Majesty King Bhumibol Adulyadej,the late King of Thailand