KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ནས་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེའི་མཇལ་ཁ་སྩལ་བ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༦ ཉིན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གར་སྟེགས་སུ། སྔ་དྲོ་ཆུ་ཚོད་བཅུ་པ་ཙམ་ལ་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་དང་འབོ་དཀར་ཆུང་སྲིད་རིན་པོ་ཆེ་གཉིས་ཀྱི་དབུས་མཆོག་གི་སྤྲུལ་པའི་སྐུ་རྣམ་པ། སྡོམ་གསུམ་སྡེ་སྣོད་འཛིན་པའི་མཁན་པོ་དགེ་བའི་བཤེས་གཉེན་རྣམས། ཆོས་གོས་ངུར་སྨྲིག་གིས་ཀླུབས་པའི་དགེ་འདུན་པ་སྟོང་ཕྲག་དུ་མ། ཕྱི་ནང་རྒྱལ་ཁབ་དུ་མ་ནས་ཕེབས་པའི་དད་ལྡན་ཕོ་མོ་སྟོང་ཚོ་མང་པོ་འཛོམས་པ་དང་། དེ་བཞིན་( Bangladesh ) ནས་ཕེབས་པའི་གནས་བརྟན་སྡེ་པའི་དགེ་སློང་འགའ་དང་། དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་ཀྱི་རང་གཟུགས་དཔལ་༸རྒྱལ་བའི་དབང་པོ་ཀརྨ་པ་མཆོག་ཀྱང་རིམ་གྱིས་ཆིབས་སྒྱུར་བསྐྱངས། ལྷན་ཅིག་དུ་སྔར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རིང་བསྲེལ་ཤིན་ཏུ་བྱིན་རླབས་ཅན་བོད་ནས་ ( Bangladesh ) ལ་གདན་དྲངས་མཛད་པ་ཞིག་དང་གསུང་རབ་གླེགས་བམ་རྙིང་པ་བྱིན་ཆེན་ཞིག་ཀྱང་སྡིངས་ཆའི་གསེར་ཁྲིའི་སྟེང་དུ་གདན་འདྲེན་པར་མཛད།

དེ་ནས་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེ་དང་སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་སྔར་༸རྒྱལ་མཆོག་ཡབ་སྲས་རྣམས་ལ་དམིགས་བསལ་གྱི་མཛད་སྒོ་རྣམས་སུ་སེར་སྦྲེངས་རྒྱས་པ་བྱ་ཚུལ་ཡོད་པ་ཇི་བཞིན། མདུན་དུ་དགེ་འདུན་པ་བཞིས་གསེར་གྱི་རྒྱ་གླིང་ཆེས་སྙན་མོ་འབུད་གཏོང་མཛད་ཅིང་དགེ་འདུན་པ་བཞིས་ཕྲ་དང་རི་མོ་སྣ་ཚོགས་པས་སྤྲས་པའི་སྤོས་ཕོར་བཞི་ཕྱག་ཏུ་བསྣམས། གདན་ས་རུམ་བཏེག་གི་ཆོས་ཁྲིམས་པ་ཆེན་པོས་སྤོས་སྣ་དང་བཅས་རིམ་གྱིས་ལེགས་པར་བསུས་ནས་བཞུགས་ཁྲིའི་སྟེང་དུ་གདན་དྲངས་པར་མཛད། དེ་ཚེ་འདུས་པ་ཀུན་ཡིད་རབ་ཏུ་དད་མོས་ཀྱིས་ཕྱག་ཐལ་སྦྱར་དང་བཅས་སོ་སོའི་བཞུགས་གནས་སུ་བཞུགས་ཡོད་པ་དང་། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དྭགས་ཞུ་གསོལ་བར་མཛད་ནས་བཞུགས་ཁྲིའི་སྟེང་དུ་བཞེངས་པའི་ཚུལ་གྱིས་བཞུགས།

དེ་ལྟར་༸སྐྱབས་རྗེ་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་རྟིང་འདུས་ཚོགས་ཀུན་གྱིས་གུས་ཕྱག་ཕུལ་ཏེ་དབུ་མཛད་ཆེན་མོས་སྐད་གསང་རབ་ཏུ་སྙན་པའི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་དང་འབྲེལ་མཎྜལ་གྱི་འདོན་པ་དབུ་འཛུགས་གནང་། ཆབས་ཅིག་དད་སྦྱིན་གནད་ཆེ་བ་འགའ་ནས་ཕྱག་ཕུལ་ཞིང་མཎྜལ་འདེགས་འབུལ་བྱས། དེ་ནས་དགེ་འདུན་གཉིས་ཀྱིས་རྒྱ་གླིང་འབུད་པ་དང་ཆབས་ཅིག་ཞབས་འབྲིང་ཞིག་གིས་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེ་བཞུགས་པའི་རིན་ཆེན་སྒྲོམ་བུ་དེ་༸སྐྱབས་རྗེ་རིན་པོ་ཆེ་ལ་ཕུལ། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་བྱིན་ཆེན་གྱི་སྒྲོམ་བུ་ཞལ་ཕྱེ་ཞིང་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེ་དེ་ཉིད་དལ་གྱིས་ཕྱིར་བཏོན་པར་མཛད། རིམ་བཞིན་དབུར་གསོལ་ཏེ་ཕྱག་གཡས་པས་དབུ་ཞྭ་འཛིན་པ་དང་ལྷན་ཕྱག་གཡོན་མས་ཕྱག་ཕྲེང་དཀར་པོར་བཟླས་པ་དང་བཅས་སྐར་མ་ཉི་ཤུ་ཙམ་གྱིས་རིང་འདུས་པ་ཀུན་ལ་མཇལ་ཁའི་བྱིན་རླབས་བཀའ་དྲིན་ལན་གཉིས་བསྐྱངས། དེ་ཡང་མཇལ་ཁའི་བྱིན་རླབས་ཐེངས་གཅིག་ཚེ་ལས་འདས་པ་རྣམས་གནས་སྐབས་ངན་སོང་གི་སྡུག་བསྔལ་ལས་ཐར་ནས་མངོན་མཐོ་ལྷ་མིའི་གོ་འཕང་ཕུན་སུམ་ཚོགས་པ་ཐོབ་པ་དང་། མཐར་ཐུག་རྣམ་མཁྱེན་བླ་ན་མེད་པ་རྫོགས་བྱང་ཐོབ་པའི་སླད་དུ་ཡིན། ལན་གཉིས་པར་གསོན་པོ་ཚེ་དང་ལྡན་པ་དག་གནས་སྐབས་མི་མཐུན་པའི་འགལ་རྐྱེན་ཉེར་འཚེ་ཐམས་ཅད་ཞི་ནས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སུ་སྤྱོད་པ་དང་། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་བྱ་བའི་ཕྱིར་དུ་ཡིན་པར་གསུངས།

དབུ་ཞྭ་མཐོང་གྲོལ་ཪིན་པོ་ཆེ་དེ་ཉིད་ཀྱི་ལོ་རྒྱུས་མཚོན་དོན་ཕན་ཡོན་དང་བཅས་པ་མདོར་བསྡུས་ནི།

རྒྱལ་མཆོག་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོོར་སངས་རྒྱས་གཉིས་པ་མ་ཧཱ་གུ་རུས་ལུང་བསྟན་པ་ལྟར་དཔལ་བླ་མ་དགོངས་འདུས་ཀྱི་སྒོ་ནས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་ངོ་བོར་སྒྲུབ་ཅིང་བྱིན་གྱིས་བརླབས་པར་མཛད་པའི་ཞྭ་དམར་གསེར་གྱི་མདོངས་ཅན་ཞེས་བྱ་བ་རྒྱལ་ཚབ་སྐུ་ཕྲེང་གཉིས་པ་བཀྲ་ཤིས་རྣམ་རྒྱལ་མཆོག་ལ་ཐོག་མར་ཕུལ་ཞིང་དྲུང་ཉིད་ཀྱི་རྒྱལ་ཚབ་དུ་མངའ་གསོལ་བར་མཛད་དེ་སྟོན་འཁོར་ཐ་མི་དད་པར་ཞལ་གྱིས་བཞེས། དེ་ནས་རྒྱལ་བའི་རྒྱལ་ཚབ་ཅེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། རྒྱལ་མཆོག་ཀརྨ་པ་དང་རྒྱལ་བའི་རྒྱལ་ཚབ་ཆེན་པོའི་དབུ་ཞྭ་དམར་ནག་དབྱིབས་མཚུངས་པ་ནི། ཡབ་སྲས་གཉིས་འདི་གཉིས་དགོངས་པ་དབྱེར་མེད་དུ་མཚོན་པ་ཡིན།

དབུ་ཞྭ་མཐོང་གྲོལ་འདིའི་མཚོན་དོན་ནི། མདོག་དམར་སེར་དུ་སྣང་བ་ཆོས་ཉིད་ལ་འགྱུར་བ་མེད་པའི་བརྡ་དང་། རྩེ་མོ་གསུམ་དུ་སྣང་བ་སྐུ་གསུམ་འགྱུར་བ་མེད་པའི་བརྡ་དང་།སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་འཕྲིན་ལས་བཞིས་དོན་སྤྱོད་པར་མཚོན་པ་དང་། སྤྲིན་རིས་ཀྱིས་བརྒྱན་པ་ནི། ཐུགས་རྗེ་ཕྱོགས་ལྷུང་མེད་པར་འགྲོ་བ་ཀུན་ལ་ཁྱབ་པའི་བརྡ་དང་། ཐབས་ཤེས་ཟུང་དུ་འཇུག་པའི་བརྡ་རང་རྟགས་སུ་ཁྱུང་གཤོག་གིས་མཛེས་པ་དང་། གདོད་མ་ནས་ཆོས་སྐུའི་རྒྱལ་སར་མངའ་བརྙེས་ཤིང་། གཅིག་ཤེས་ཀུན་གྲོལ་གྱི་མཁྱེན་པའི་རྩལ་རྫོགས་ཏེ་འོད་གསལ་ཁོར་ཡུག་གི་ཏིང་འཛིན་ལ་དབང་འབྱོར་བའི་རྟགས་སུ་ཉི་ཟླ་ནོར་བུའི་ཏོག་གིས་སྤྲས་པ་སོགས་ཡེ་ཤེས་ཀྱི་རོལ་པ་འགོག་ཏུ་མེད་པའོ།

ཕན་ཡོན་ནི། རྒྱལ་བ་ཡབ་སྲས་གཉིས་ཀྱི་མཐོང་གྲོལ་དབུ་ཞྭའི་ཁ་དོག་ཅུང་ཟད་མི་མཚུངས་པ་ནི། ཐབས་མཁས་ཀྱི་འཕྲིན་ལས་སོ་སོར་སྐྱོང་བའི་དོན་ཡིན་པས་ཞྭ་དམར་ནག་གཉིས་གང་མཇལ་ཡང་ཁྱད་པར་མ་མཆིས་ཤིང་། གྲུབ་ཆེན་ཀརྨ་པཀྴིའི་ཞལ་སྔ་ནས། །ཞྭ་དང་མི་རུ་འབྲེལ་བ་ན། །གང་མཐོང་བ་ལ་ངན་སོང་མེད། ཅེས་གསུངས་པ་ལྟར། མཐོང་གྲོལ་དབུ་ཞྭ་རིན་པོ་ཆེའི་མཇལ་ཁ་འདི་ནི་དམ་ཚིག་དང་ལྡན་མི་ལྡན། ལོག་ལྟ་ཅན་ཡིན་མིན་ཁྱད་པར་མེད་པར། ཐ་ན་དུད་འགྲོ་ལྟ་བུས་མཐོང་ནའང་ངན་འགྲོའི་སྐྱེ་སྒོ་གཅོད་པར་གསུངས་པ་དང་། སྐལ་ལྡན་གྱི་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱིས་དད་པས་ཡིད་ལ་དྲན་པ་དང་། ཟང་ཟིང་གི་འབུལ་བ་རང་གི་ནུས་ཚོད་དང་བསྟུན་ནས་འབུལ་བ་དང་། ཡིད་མོས་གུས་རྩེ་གཅིག་པས་མཇལ་ཞིང་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ནས། ཕྱག་སྐོར་བྱ་བ་དང་། ཐ་ན་མེ་ཏོག་གཅིག་གཏོར་བས་ཀྱང་གནས་སྐབས་ངན་སོང་ལས་ཐར་ཅིང་མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་ཕན་ཡོན་གཞལ་ཏུ་མ་མཆིས་པར་བཀའ་བརྒྱུད་གོང་མ་རྣམས་ཀྱིས་གསུངས་སོ། །

ཙུམ་ཕྲུག་གངས་ལ་ཉི་ཤར་ནས།

20170226_Long life Empowerment of Practice of the Three Roots Combined and Red Crown Ceremony Gyaltsab Rinpoche