ཕྱི་ལོ་ ༢༠༡༧ ཟླ་བ་ ༢ ཚེས་ ༡༩ བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པའི་ཉིན་མཐའ་མར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་དམིགས་བསལ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཆེད་བཀའ་སློབ་ཕེབས་དོན་དུ།
ད་མཇུག་ཏུ་ནམ་རྒྱུན་དམིགས་བསལ་གྱི་གཏམ་བཤད་བྱེད་ཀྱི་ཡོད། དང་པོ་དོན་ཚན་མང་པོ་ཞིག་ཞུ་དགོས་དྲན་སོང་། ཡིན་ན་ཡང་རང་ཉིད་གཟུགས་པོ་བདེ་པོ་དེ་ཙམ་མེད་སྟབས་གནས་སྐབས་རིང་མ་ཞུས་ན་དྲན་སོང་། བཤད་ཀྱང་ཐུབ་ས་མ་རེད། ནམ་རྒྱུན་སེམས་ནང་བསམ་ཡང་ཁ་ནས་འཐོན་གྱི་མི་འདུག་ཟེར་བ་ལྟར་ཕལ་ཆེར་དེ་རིང་དེ་འདྲ་ཆགས་འདུག །ཡིན་ན་ཡང་དོན་དག་ཅིག་ཞུ་དགོས་པ་ལྟ་བུ་ཆགས་ཡོད་དྲན་སོང་། དེ་གང་རེད་ཅེ་ན། ད་ལོ་ང་ཚོའི་བཀའ་བརྒྱུད་ནང་གནས་ཚུལ་ཁ་ཤས་ཤིག་བྱུང་ཡོད། དེ་ནང་ནས་གཅིག་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གནས་སྟངས་འདི་རེད། དེ་ལ་མི་མང་པོ་ཞིག་གིས་དོ་སྣང་དང་སེམས་འཁུར་བྱེད་བཞིན་འདུག །ང་ལ་ཡང་སྐད་ཆ་འདྲི་མཁན་ཁ་ཤས་ཤིག་བྱུང་། བྱས་ཙང་མི་མང་པོ་ཞིག་གི་སེམས་ནང་ངས་གང་འདྲ་ཞིག་དྲན་གྱི་ཡོད་དམ་བསམ་སྲིད། སྤྱིར་བཏང་འཇམ་མགོན་རིན་པོ་ཆེའི་གནས་ཚུལ་འདི་མང་ཁྲོད་ནང་ཁྱབ་བསྒྲགས་མ་བྱས་པའི་གོང་དུ་ཟླ་བ་གསུམ་བཞིའི་སྔོན་ནས་ངས་ཤེས་པ་རེད། དེ་ཡང་འཇམ་མགོན་བླ་བྲང་གི་ལས་བྱེད་དང་ང་དང་ངའི་འཁྲིས་ལ་ཡོད་པའི་མི་ཁ་ཤས་ཤིག་གིས་མ་གཏོགས་ཤེས་ཀྱི་མེད། སྐབས་དེ་དུས་ང་ཚོས་ཐབས་ཤེས་ཡོད་དགུ་སྣ་ཚོགས་བྱས་པ་ཡིན། ཡིན་ན་ཡང་མཐའ་མར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ཁོང་རང་གིས་རང་གི་ངོ་དེབ་ (Facebook) ཐོག་གསལ་བསྒྲགས་གནང་བ་རེད། གནས་ཚུལ་འདི་ལ་ཕྱོགས་གཅིག་ནས་བཤད་ན། ན་ནིང་རིན་པོ་ཆེའི་འཁྲུངས་སྐར་སྐབས་ང་ལ་དམིགས་བསལ་གྱི་ཚོར་སྣང་ཞིག་བྱུང་། རིན་པོ་ཆེ་ཆུང་དུས་ནས་ལོ་གཅིག་མ་ཟིན་ཙམ་ནས་རྒྱ་གར་ནང་ཕེབས། སོ་སོའི་ཕ་མ་དང་ཁ་བྲལ། ཆུང་དུས་ནས་སྐུ་ངལ་ཞིག་གི་ནང་ཕེབས་པ་རེད་ཅེས་དེ་ལྟ་བུའི་ཚོར་བ་ཞིག་རིན་པོ་ཆེའི་འཁྲུངས་སྐར་སྐབས་དམིགས་བསལ་ཞིག་བྱུང་། ཕལ་སྐད་ཐོག་ཞུས་ན། ཡ་ང་བ་ལ། སྙིང་རྗེ་ཨང་བསམ་པ་ཞིག་བྱུང་། སྔོན་མ་དེ་འདྲ་བྱུང་མྱོང་མེད། ཡིན་ན་ཡང་ན་ནིང་དེ་འདྲ་ཞིག་བྱུང་། སྤྱིར་བཏང་བླ་མ་སྤྲུལ་སྐུ་ཞིག་གི་མཚན་ཡོད། དེའི་ནང་ནས་ཀྱང་བླ་ཆེན་ཞིག་གི་མཚན་ཡང་ཡོད། དེ་ལ་བརྟེན་ནས་སོ་སོ་སྒེར་གྱི་སྐུ་ངལ་གང་འདྲ་ཞིག་ཡོད་པ་དེ་ཕལ་ཆེར་ང་ལ་ཡང་ཚོར་བ་དེ་ལྟ་བུ་ཡོང་བཞིན་ཡོད། བརྒྱ་ཆ་བརྒྱ་ཐམ་པ་ངས་རིན་པོ་ཆེའི་སྐུ་ངལ་ཐམས་ཅད་ཤེས་ཀྱི་ཡོད་ཟེར་ནས་ཞུ་ཐུབ་ཀྱི་ཡོོད་བསམ་པ་ཞིག་མེད། ཡིན་ན་ཡང་ང་ལ་ཀརྨ་པ་ཞེས་མཚན་ཐོགས་པ་ནས་བཟུང་ད་ལྟ་བར་དུ་ལོ་ངོ་མང་པོ་ཕྱིན་ཡོད། དཀའ་ངལ་མང་པོ་ཞིག་ཀྱང་འཕྲད་ཡོད། དེ་འདྲ་སོང་ཙང་རིན་པོ་ཆེས་དགོངས་པ་ཞུས་གནང་བའི་རྒྱུ་མཚན་དེ་འདྲ་ཞིག་ངས་བཤད་དགོས་བྱུང་ན་རིན་པོ་ཆེ་ལས་རྒྱུ་མཚན་མང་བ་ཞིག་བཤད་ཐུབ་ཀྱི་མེད་དམ་སྙམ། གང་ལྟར་ཡང་སྐུ་ངལ་མང་པོ་ཡོད་པ་འདི་ངས་ཀྱང་ཤེས་ཀྱི་ཡོད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ལ་ཡང་འགྱོད་པ་ཞིག་ཡོད། ངའི་ངོས་ནས་ནམ་རྒྱུན་རིན་པོ་ཆེ་ལ་སེམས་འཁུར་དེ་ཙམ་བྱེད་མ་ཐུབ་པ། དེའི་རྒྱུ་མཚན་ལ་བརྟེན་ནས་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་ལ་སྐུ་ངལ་ཡོད་པ་དེ་ཤེས་རྟོགས་བྱེད་མ་ཐུབ་པ་ལ་འགྱོད་པ་ཧ་ཅང་ཆེན་པོ་བྱུང་། དེ་རིང་གོ་སྐབས་འདིའི་བརྒྱུད་དེ་རིན་པོ་ཆེ་དང་། འཇམ་མགོན་བླ་བྲང་དང་། འབྲེལ་ཡོད་ཀྱི་མི་ཚང་མ་ལ་དགོངས་སེལ་ཞུ་རྒྱུ་ཡིན། དེའི་དུས་ཚོར་བ་འདྲ་མིན་སྣ་ཚོགས་པ་བྱུང་ཡོད། ཁོང་ཁྲོ་ཟ་བ་ལྟ་བུ། སེམས་ཕམ་པ་ལྟ་བུའི་ཚོར་བ་འདྲ་མིན་བྱུང་ཡོད། ཡིན་ན་ཡང་སེམས་ཀྱི་ཕུག་ཏུ་རིན་པོ་ཆེ་ལ་བློས་མི་གཏོང་གི་བསམ་པ། དད་པ། ཡང་ན་འཇིག་རྟེན་པའི་གཏམ་ལྟར་བཤད་ན། སེམས་འཁུར་རམ་བརྩེ་བ་ནི་ང་ཚོ་སུས་ཀྱང་ཉམས་གུད་ཕྱིན་མེད་སྙམ། ང་རང་ཡིན་ན་ཡང་དེ་བཞིན་ཡིན། རིན་པོ་ཆེ་ལ་ད་དུང་ཡིན་ན་ཡང་སེམས་འཁུར་དང་བརྩེ་བ་བྱེད་བཞིན་ཡོད། དེ་ལྟ་བུ་ཡོད་པ་འདི་རིན་པོ་ཆེ་ཁོང་རང་གིས་མཁྱེན་དགོས་རེད་དྲན་གྱི་འདུག །ཡིན་ན་ཡང་རིན་པོ་ཆེའི་སྒེར་གྱི་ངོས་ནས་ཞུས་པ་ཡིན་ན་ང་ཚོ་ཚང་མས་བསམ་ཤེས་བྱེད་ཐུབ་པ་དང་། ལྷག་པར་ང་རང་ལྟ་བུ་ལ་ཆ་མཚོན་ན་ངས་ཀྱང་བསམ་ཤེས་སམ་ (Understand) བྱེད་ཐུབ་པ་ལྟ་བུ་རེད། ཡིན་ན་ཡང་བཀའ་བརྒྱུད་ཀྱི་བསྟན་པ་སྤྱི་ལ་མཚོན་པ་ཡིན་ན་དེ་ནི་གྱོང་གུན་ཆེན་པོ་ཞིག་རེད། ལྷག་པར་འཇམ་མགོན་བླ་བྲང་ལྟ་བུ་ལ་མཚོན་ན་དཔེ་མི་སྲིད་པའི་གྱོང་གུན་ཆེན་པོ་ཞིག་རེད། འཇམ་མགོན་བླ་བྲང་འདི་སྔོན་མཇམ་མགོན་སྐུ་གོང་མ་དགུང་ལོ་གཞོན་གཞོན་སྐབས་ནས་དགོངས་པ་རྫོགས། དེས་དཀའ་ངལ་གཅིག་བྱུང་། ད་ལྟ་ཡང་གནས་ཚུལ་དེ་འདྲ་ཞིག་བྱུང་བ་ཡིན་ཙང་སྡུག་ཐོག་སྡུག་རྩེག་ལྟ་བུ་ཞིག་གྱུར་ནས་དངོས་གནས་དྲང་གནས་ཧ་ཅང་དཀའ་ལས་ཁག་པོ་ཆགས་སོང་། ཡིན་ན་ཡང་འཇམ་མགོན་བླ་བྲང་གི་ཕྱག་མཛོད་བསྟན་འཛིན་རྡོ་རྗེ་གཙོ་བོར་གྱུར་པའི་ལས་བྱེད་ཚང་མས་ལྷག་བསམ་རྣམ་དག་གི་སྒོ་ནས་ད་ལྟ་བར་དུ་བྱས་ཡོད། དེ་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་ཡོད། དེ་འདྲ་ཡིན་སྟབས་ང་རང་ངོས་ནས་ཀྱང་གང་ཞིག་བྱེད་ཐུབ་པ་འདི་ཞུ་རྒྱུའི་གྲ་སྒྲིག་ཨང་བསར་ཡོད། དེ་བཞིན་འཇམ་མགོན་བླ་བྲང་གི་ཁོངས་སུ་ཡོད་པའི་ལ་བྷ་དང་ཕུ་ལ་ཧ་རིའི་དགེ་འདུན་པ་རྣམས་ཀྱང་སེམས་ཤུགས་མ་ཆག་པར་བྱས་ནས་རྟག་ཏུ་རིན་པོ་ཆེའི་རྒྱབ་ཏུ་ང་ཡོད་བསམ་པ་ཞིག་གིས་ཐུགས་བསམ་བཞེས་ན་འགྲིགས་པ་རེད་སྙམ། དེ་བཞིན་སྔོན་ནས་འཇམ་མགོན་བླ་བྲང་ལ་སྦྱིན་བདག་གམ་རོགས་རམ་བྱེད་མཁན་ཚོས་ཀྱང་མུ་མཐུད་ནས་འཇམ་མགོན་རིན་པོ་ཆེའི་བརྒྱུད་པ་ཟེར་ནའང་འདྲ། སྐུ་ཕྲེང་རིམ་བྱོན་ལ་དད་གུས་མ་ནོར་བའི་ཐོག་མུ་མཐུད་ནས་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། མ་འོངས་པར་གང་འདྲ་ཆགས་ཀྱི་རེད་བསམ་ནས་སེམས་ཁྲལ་བྱེད་མཁན་ཡང་ཡོད། མ་འོངས་པར་གང་འདྲ་ཆགས་ཡོང་མི་ཡོང་ཟེར་བ་འདི་བཤད་ཚོད་ཐིག་དཀའ་བ་རེད། ཡིན་ན་ཡང་ངའི་བསམ་ཚུལ་ལྟར་བཤད་པ་ཡིན་ན། གཙོ་བོ་བླ་མ་སྤྲུལ་པའི་སྐུ་ཟེར་ནའང་འདྲ། བྱང་ཆུབ་སེམས་དཔའི་རྣམ་ཐར་སྐྱོང་མཁན་རྣམས་ཀྱིས་གལ་ཆེ་ཤོས་འདི་བསྟན་པ་དང་འགྲོ་བའི་དོན་བློས་མི་གཏོང་བ་འདི་གལ་ཆེན་པོ་ཞིག་ཆགས་ཡོད་སྙམ། རྟེན་རབ་བྱུང་ཡིན་ན་ཡང་རུང་མ་ཡིན་ཡང་རུང་། གནས་དགོན་པར་བཞུགས་ཀྱང་རུང་མ་བཞུགས་རུང་གང་ལྟར་སེམས་ཅན་བློས་མི་གཏོང་བའི་བསམ་པ་དགོས་རྒྱུ་འདི་གལ་ཆེན་པོ་རེད་དྲན་གྱི་འདུག །སོ་སོའི་གནས་སྟངས་གང་འདྲ་ཞིག་ཆགས་ཀྱང་བསྟན་འགྲོའི་དོན་བློས་མི་གཏོང་བ་ཞིག་དགོས་པ་འདི་གལ་ཆེན་པོ་ཞིག་རེད་དྲན་གྱི་འདུག །ང་རང་ཡིན་ཡང་ད་ལྟ་བར་གང་ཐུབ་ཐུབ་ཅིག་བྱས་པ་ཡིན། སོ་སོ་ཡིན་ན་ཡང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ཆགས་ཀྱི་མེད། ཡིན་ན་ཡང་གང་འདྲ་ཞིག་ཆགས་ཀྱང་བསྟན་འགྲོའི་དོན་བློས་མི་གཏོང་བ་ཞིག་བསམ་བློ་བཏང་ནས་བསྡད་པ་ཡིན། ཁྱེད་རང་ཚོ་ཚང་མའི་ཐུགས་ལ་དེ་ལྟར་བཞག་རོགས་གནང་ཞུ་རྒྱུ་ཡིན། དེ་རིང་དེ་ཙམ་ཡིན་མང་པོ་ཞུ་རྒྱུ་མི་འདུག །ད་དེའི་རྗེས་སུ་བསྔོ་བ་བྱ་རྒྱུ་འདི་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་ཏོ། །
བསམ་གཏན་མཐར་ཕྱིན་ནས་ཕབ།