KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

སྨོན་ལམ་ཐེངས་སོ་དྲུག་པའི་གསུང་ཆོས་ཉིན་མཐའ་མར། དད་ལྡན་ཆོས་ཞུ་བ་དུ་མ་ཞིག་གིས་ཐུགས་རྗེ་ལེགས་འབུལ་ཆེད།

 

༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་༸གཽ་ཤྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་བསྐྱངས་ཏེ། རིན་པོ་ཆེ་མཆོག་ནས་བློ་སྦྱོང་དོན་བདུན་མའི་གོང་གི་འཕྲོས་ནས་མུ་མཐུད་བཀའ་ཁྲིད་དབུ་ཚུགས། བཞི་པ་ཚེ་གཅིག་ཉམས་ལེན་དྲིལ་ནས་བསྟན་པ། གང་ཟག་སུ་ཞིག་ཡིན་ནའང་སྐྱེ་བའི་མཐའ་མར་ཤི། རྫོགས་པའི་སངས་རྒྱས་ཀྱང་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་སྦྱོང་ཕྱིར་དཀའ་བ་སྤྱད་མོད། འོན་ཀྱང་སྐུ་འདུས་བྱས་ཡིན་སྟབས་མྱ་ངན་ལས་འདས་པ་ཡིན། འོ་སྐོལ་ལྟ་སྨོས་ཀྱང་ཅི་དགོས། དེ་ནི་དེའི་སྐབས་ཉམས་ལེན་དམིགས་བསལ་ཞིག་གསུངས་ཡོད། སྟོབས་རྣམ་པ་ལྔ་ནི། དང་པོ་དཀར་པོ་ས་བོན་དགེ་བའི་བག་ཆགས་བཞག་པའི་སྟོབས་ནི། འཆི་བའི་དུས་ལ་བབ་པར་ཤེས་ནས། རང་གིས་ལོངས་སྤྱོད་ཐམས་ཅད་ཡར་མཆོད། མར་སྦྱིན་པ་བཏང་བ། དགེ་འདུན་པ་དང་། གཙུག་ལག་ཁང་སོགས་ཡོངས་ལ་ཕུལ་ཏེ། ཆགས་གཞི་གཏན་ནས་མེད་པར་བྱེད་དགོས། དེ་ལྟ་བུའི་སྤྱིར་ཐེག་པ་ཆེན་པོ་དང་བྱེ་བྲག་ནང་པའི་ཆོས་ཤིག་བྱེད་ཅིང་། དགེ་བའི་རྩ་ཐམས་ཅད་སྐྱེ་བ་ནས་སྐྱེ་བར་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག་ཅེས་པ་དང་། ཁྱད་པར་དུ་བློ་སྦྱོང་སྟོན་མཁན་བླ་མ་ཡོན་ཏན་ཀུན་ལྡན་སྐྱོན་གཏན་ནས་དབེན་པ་ཞིག་མཇལ་བར་ཤོག་ཅེས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་ཅེས་སྨོན་ལམ་རྒྱས་པའི་གཟུངས་འདོན་དགོས། དེ་གཉིས་པ་སྨོན་ལམ་གྱི་སྟོབས་ཡིན། བདག་ཏུ་འཛིན་པ་སུན་འབྱིན་པའི་སྟོབས་ནི། ཚེ་རབས་ཐོག་མ་མེད་པ་ནས་ད་བར་དེ་ལ་བརྟེན་ནས་ངལ་སྡུག་དུ་མ་ཞིག་བྱུང་བ་དང་། དེ་རིང་གི་ན་བ་དང་ཤི་བ་ཡང་དེ་ལས་བྱུང་བ་ཡིན་པར་བསམ། བདག་ཏུ་འཛིན་པའི་བློ་དེ་དོན་དུ་མ་གྲུབ་པར་འཁྲུལ་པ་ཡིན། ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ལྟར། དོན་དུ་མ་གྲུབ་པར་སེམས་ནས་སུན་འབྱིན་པ་ནི་སུན་འབྱིན་པའི་སྟོབས་སོ། སྐྱེ་བ་ཕྱི་མ་དང་། འཆི་རན་པ། ཤི་ནས་བར་དོ་འཁོར་བའི་སྐབས་གང་དུའང་བྱང་ཆུབ་སེམས་དང་མི་འབྲལ་བར་ཤོག་ཅེས་བཞི་པ་འཕེན་པའི་སྟོབས་སོ། སྔར་ཀུན་རྫོབ་བྱང་ཆུབ་སེམས་གཏོང་ལེན་བྱེད་པ་དང་། དོན་དམ་བྱང་ཆུབ་སེམས་སེམས་ཀྱི་རང་བཞིན་འོད་གསལ་ལ་རྩེ་གཅིག་མཉམ་པར་བཞག་པ་ལྔ་པ་སྒོམ་པའི་སྟོབས་སོ། ཤི་བའི་སྐབས་སྤྱོད་ལམ་རབ་བྱུང་ན། སྐྱིལ་ཀྲུང་། ཕྲག་པ་བསྲང་བ། མཉམ་པར་གཞག་དགོས། ནད་ཅུང་ཟད་ཀྱང་མེད་པ་ཞིག་ཡིན་ན་དེ་ལྟར་འབྱུང་དགོས། ནད་པ་ཡིན་ན། གཞོགས་གཡས་ས་ལ་བཙུགས་ཏེ། སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ཚུལ་དུ་ཉལ་ནས་ཤི་དགོས། དབུགས་ཕྱིར་གཏོང་བས་རང་གི་བདེ་བ་གཞན་ལ་བྱིན་པ་དང་། དབུགས་ནང་དུ་ལེན་པས་གཞན་གྱི་སྡུག་བསྔལ་ནང་དུ་ལེན་སོང་བསམས་ནས་དབུགས་རྫོགས་དགོས། རབ་བྱུང་ན་སེམས་ཉིད་འོད་གསལ་ངང་ལ་བཞག་ནས་ཤི་དགོས། ཤི་བའི་སྐབས་གདམས་ངག་དུ་མ་ཡོད་ཀྱང་། བཟང་ཤོས་དེ་བྱང་ཆུབ་སེམས་བསྒོམས་ནས་གང་ལའང་ཆགས་ཞེན་མེད་པ་དེའོ། ལྔ་པ་བློ་འབྱོངས་པའི་ཚད་དམ་་མཐར་ཕྱིན་པའི་རྟགས་བསྟན་པ། རྩ་བར། ཆོས་ཀུན་དགོས་པ་གཅིག་ཏུ་འདུས། ཞེས་བདག་གཅེས་འཛིན་མེད་པར་བྱས་ཏེ། གཞན་ལ་སྙིང་རྗེ་སྒོམ་པ། ཆོས་ཐམས་ཅད་དེ་དང་གཅིག་པ་ཡིན་ཞེས། དཔེར་ན། མ་ཧཱ་ཀཱ་ལའི་གསོལ་ཀ་འཚོག་པ་དང་། དེ་བཞིན་སྒྲུབ་མཆོད་རྒྱས་པ་མཆོད་པ་རྒྱ་ཆེན་པོར་བཞེངས་ཏེ། ཞག་བདུན་སོགས་ལ་འཚོགས་པ་དེ་ཡང་བདག་ཏུ་འཛིན་པའི་བློ་དོར་བའི་ཆེད་རང་ཡིན། ཆོས་བྱེད་ཀྱིན་བདག་འཛིན་གྱིི་བློ་ཆུང་དུ་གཏང་དགོས། མ་གཏོགས་བདག་འཛིན་ཆེ་རུ་ཕྱིན་ན་མི་འགྲིག ། མདོ་སྔགས་ཀྱི་ཆོས་ཡང་དག་པ་ཞིག་སྒྲུབ་མ་བསྒྲུབས་དེ་བདག་འཛིན་སྤོང་མི་སྤོང་སྒོ་ནས་འཇོག་དགོས། རྩ་བར། དཔང་པོ་གཉིས་ཀྱིས་གཙོ་བོར་གཟུང་། ཞེས་རང་གིས་རང་ལ་དཔང་པོ་བྱེད་པ་གཙོ་བོ་ཡིན། རང་སེམས་རང་གིས་མ་གཏོགས་སངས་རྒྱས་ལས་གཞན་སུས་ཀྱང་ཤེས་མི་ནུས། དེའི་ཕྱིར་ན་རང་གིས་སེམས་ལ་བརྟགས་ནས་ཉམས་ལེན་གནང་དགོས། བཀའ་གདམས་པའིིི་བླ་མ་བཞིན། རྩ་བར། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། ཞེས་སྡུག་བསྔལ་བྱུང་ནའང། དེ་ལ་བརྟེན་ནས་བློ་སྦྱོང་སྦྱངས་ཐུབ་སོང་ཞེས། གཞན་དང་རང་མ་མཐུན་ནས་གཞན་རྒྱལ་བ་དང་། རང་ཕམ་ན་དགའ་བ་བསྒོམ་དགོས། དེ་བཞིན་གཞན་ལ་བདེ་བ་དང་། གོ་ས་གྲགས་པ་བྱུང་བ་དེ་ཡང་། སྔོན་དགེ་བ་བཟང་པོས་མཚམས་སྦྱར་བ་ཡིན་བསམ་ནས་དགའ་བ་བསྒོམ་དགོས། མ་གཏོགས་ཕྲག་དོག་བྱས་ན། བྱང་ཆུང་སེམས་དང་གཞན་དོན་ཉམས་པར་གྱུར། རྩ་བར། ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། ཞེས་རང་གིས་རྩོལ་བ་མ་དགོས་པར་བྱ་བྱེད་ཐམས་ཅད་བློ་སྦྱོང་དང་མཐུན་ན། བློ་འབྱོངས་པའི་རྟགས་ཡིན། འདོད་ཆགས་སོགས་ཡུན་རིང་བགོམས་པས་ངམ་ངམ་ཤུགས་ཀྱིས་བྱུང་བ་དེ་བཞིན། བདེན་པའི་བློ་ཡང་གོམས་ན། རྩོལ་མེད་དུ་བྱུང་བར་འགྱུར། དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ། རྩ་བར། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། ཅེས་ཆོས་སྤྱི་དོན་ཕྱི་སོ་སོར་ཐར་བའི་སྡོམ་པ། ནང་བྱང་ཆུབ་སེམས་དཔའི་བསླབ་པ། གསང་བ་སྔགས་ཀྱི་སྡོམ་པ་གསུམ་མ་ཉམས་པར་རྟག་ཏུ་བསླབ་དགོས། སོ་མར་བཞག་པ་ནི། གཞན་གྱིས་ཚོར་བའི་ཆེད་བདག་མེད་མ་རྟོགས་ཀྱང་རྟོགས་ཡོད་མདོག་དང་། བྱམས་སྙིང་རྗེ་མ་སྐྱེས་ཀྱང་སྐྱེས་མདོག་བྱེད་ན། བློ་སྦྱོང་དང་འགལ་བ་ཡིན་ཞེས། ཕྱོགས་རིས་སུ་མ་ལྷུང་བ་ནི། མི་ལ་བློ་སྦྱོང་སྒོམ། གཞན་འདྲེ་སོགས་ལ་དྲག་སྔགས་བཟླ་བ་དང་། དམ་པོར་བྱེད་མི་རུང་། དེ་བཞིན་རང་དང་ཆོས་འབྲེེལ་གཅིག་པ། མི་རིགས་གཅིག་པ་ལ་བཟོད་བསྲན་བྱེད། གཞན་ཆོས་འབྲེལ་མེད་པ། མི་རིགས་དང་སྐད་མི་འདྲ་རྣམས་ལ་བཟོད་བསྲན་མ་བྱས་ནའང་མི་འགྲིག ། ཡང་འགས་སྐྱིད་པོ་འབྱུང་དུས་ཆོས་སྒྲུབ། སྐྱིད་པོ་མ་བྱུང་དུས་ཁོང་ཁྲོ་ཟ། ཆོས་སྒྲུབ་མ་ཐུབ་པ། ལ་ལས་སྡུག་བསྔལ་མྱོང་བའི་སྐབས་ཆོས་དྲན། སྐྱིད་པོ་འབྱུང་དུས་དེ་ལ་ཞེན། ཀྲོག་ཀྲོག་བྱེད། བློ་སྦྱོང་མ་བསྒོམས་ན་མི་འགྲིག ། རྩ་བར། འདུན་པ་བསྒྱུར་ལ་རང་སོར་བཞག །ཅེས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བདག་གཅེས་འཛིན་ཁོ་ན་གོམས། དེ་ལས་གོ་ཟློག་ནས་གཞན་གཅེས་འཛིན་རྟག་ཏུ་བསྒོམ་དགོས། བློ་སྦྱོང་ཉམས་ལེན་འདི་ཕྱི་ལ་མངོན་མཚན་ཆུང་བ། སེམས་ནང་བློ་སྦྱོང་དང་མཐུན་པ་བྱེད་དགོས། གསང་བ་གནང་དགོས། རྩ་བར། ཡན་ལག་ཉམས་པ་བརྗོད་མི་བྱ། ཞེས་མི་དང་དུད་འགྲོ་སོགས་ཡན་ལག་མ་ཚང་བར་ཞ་བོ། རྐང་ཀྱོག། ལག་རྡུམ་ཞེས་སྐྱོན་བརྗོད་པར་མི་བྱ། ཡན་ལག་མ་ཚང་ནའང་། དེའི་རྒྱུད་ལ་བདེ་བར་གཤེགས་པའིི་སྙིང་པོ་ཡོད། དེ་བྱང་ཆུབ་སྒྲུབ་པའི་གྲོགས་ཡིན་བསམས་ནས། དེ་དག་ལ་བསྟོད་བསྔགས་བརྗོད་དགོས། རྩ་བར། གཞན་ཕྱོགས་གང་ཡང་མིི་བསམ་མོ། ཞེས་བླ་མ་གྲྭ་པ་སྡོམ་པ་དམ་ཚིག་ཉམས་པ་མཐོང་ནའང། དེ་རང་གིས་མ་དག་པའི་སྣང་བ་ཡིན། ཁོང་ཅག་ལ་དེ་ལྟར་ག་ལ་མཆིས་སེམས་དགོས། རང་ལ་ཉོན་མོངས་ཡོད་པས། གཞན་ལ་དེ་ལྟར་མཐོང་། དཔེར་ན་བདུད་ལྷས་བྱིན་རང་གིས་བསམ་པ་མ་དག་པར་བརྟེན། སངས་རྒྱས་ལ་སྐྱོན་ཡོད་པར་མཐོང་བ་བཞིན། རང་དེ་ལྟར་ཡིན་སྙམ། རྩ་བར་ཉོན་མོངས་གང་ཆེ་སྔོན་ལ་སྦྱང་། ཞེས་རང་རྒྱུད་ལ་ཉོན་མོངས་གང་ཤེད་ཆེ་དེ་རང་གིས་གཉེན་པོ་བསྟེན་ནས་སྦྱང་དགོས་ཞེས། རྩ་བར། འབྲས་བུའི་རེ་བ་ཐམས་ཅད་སྤངས། ཞེས་བློ་སྦྱོང་ལེགས་པར་བསྒོམས་ན། ཚེ་ཕྱི་མ་སྐྱིད་པོ། ལོངས་སྤྱོད་བྱུང་བ། དེར་བརྟེན་ཚེ་རིང་ནད་མེད་སྙན་གྲགས་ཆེ་བ་འབྱུང་བར་བསམ་སྟེ་བསྒོམས་ན། ནོར་བ་ཡིན་ཞེས། རྩ་བར། དུག་ཅན་གྱི་ཟས་སྤངས། ཞེས་ཆོས་སྒྲུབ་པའི་ཚེ་བདག་འཛིན་དང་དངོས་འཛིན་སོགས་དང་འབྲེལ་བའི་སྒོ་ནས་ཆོས་སྒྲུབ་པ་དེ། ཟས་དུག་ཅན་དང་འདྲེས་པ་བཞིན་རང་ལ་གནོད། ཆོས་ནས་གསུང་བ་ལྟ་བུའི་འབྲས་བུ་མི་འཐོབ་པས་སྤང་དགོས། རྩ་བར། གཞུང་བཟང་པོ་མ་བསྟེན། ཞེས་མི་སྣ་ཞིག་གིས་རང་ལ་གནོད་པ་བསྐྱལ་ཡོད་ན། དེ་མི་བརྗེད་པར་ཁོན་དུ་འཛིན་མི་རུང་། རྩ་བར། ཤགས་ངན་མ་རྒོད། ཅེས་ཚུར་ཚིག་ངན་བརྗོད་ཀྱང་། ཕར་ཚིག་ངན་མ་ལོག་ཅེས། རྩ་བར། འཕྲང་མ་བསྒུག །ཅེས་གནོད་པ་བྱེད་པའི་དུས་སམ་འཕྲང་མ་བསྒུག་ཅེས། རྩ་བར། གནད་ལ་མི་དབབ། ཅེས་མི་འགའ་ཞིག་ལ་སྐྱོན་ཡོད་པ་གཞན་གྱིས་མ་ཚོར་བ། དེ་རང་གིས་ཤེས་ན་གཞན་ལ་འགྲེམས་མི་རུང་། རྩ་བར། མཛོ་ཁལ་གླང་ལ་མི་འབྱོ། ཞེས་མཛོ་ལ་ཁལ་ཆུང་བ་དང་གླང་ལ་ཁལ་ཆེ་བ་འགེལ་བ། གླང་གི་ལུས་སྐྱོན་ཤོར་ནའང་ཁྱད་མེད་རིན་ཆུང་བ་ཡིན་བསམ། མཛོ་རིན་ཆེ་བ་ཡིན་པས། དེའི་ལུས་སྐྱོན་བྱུང་བར་དོགས་ཏེ་ཁལ་ཆུང་བ་བཀལ་བ་དེ་ལྟར་བྱ་མི་རུང་། དཔེ་དེ་བཞིན་ཁེ་དང་གྲགས་པ་རང་གིས་ཁུར། གྱོང་དང་བུབ་ཁ་གཞན་ལ་སྤྲད་མི་རུང་ཞེས། རྩ་བར། སྒྱོགས་ཀྱི་རྩེ་མི་གཏོད། ཅེས་རང་དང་མཉམ་པའི་གྲོགས་པོ་རྣམས་སྐད་གྲགས་བྱུང་ན། རང་ཡང་དེ་ལྟར་བྱེད་དགོས། མ་བྱུང་ན་མི་འགྲིག་ཅེས་བསམ་མི་རུང་། རྩ་བར། གཏོ་ལོག་མི་བྱ། ཞེས་བློ་སྦྱོང་བྱེད་པ་འདི་ནད་མེད་པ་དང་འདྲེ་མེད་པར་བྱེད་པ་སོགས་ལ་བེད་དུ་བཀོལ་མི་རུང་། རྩ་བར། ལྷ་བདུད་དུ་མི་དབབ། ཅེས་བློ་སྦྱོང་དང་བྱང་ཆུབ་སེམས་ལོ་མང་བསྒོམས་ཡིན་ཞེས་ང་རྒྱལ་བྱེད་ན། ལྷ་བདུད་དུ་འགྱུར་སོང་བ་ཡིན་ཞེས། རྩ་བར། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། ཞེས་རང་དང་མཉམ་པའི་གྲོགས་ལ་གོད་ཆག་བྱུང་། རང་ལ་མ་བྱུང་ན། དེ་ལས་སྐད་གྲགས་ཆེ་བ་ཡིན་བསམ་མི་རུང་།

བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ། རྩ་བར། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། ཞེས་འགྲོ་འདུག་ཟ་ཉལ་གྱི་བྱ་བ་གང་བྱེད་ཀྱང་། བྱང་ཆུབ་སེམས་གཅིག་སྒང་ཉམས་སུ་བླང་དགོས། རྩ་བར། ལོག་གནོན་ཐམས་ཅད་གཅིག་གིས་བྱ། ཞེས་བློ་སྦྱོང་ཉམས་ལེན་བྱེད་པའི་ཚེ་གོད་ཆག་དང་། རྐྱེན་ངན་དུ་མ་འཕྲད་ན། ཉམས་ལེན་བྱེད་པ་དེས་དགེ་མཚན་མི་འདུག་ཅེས། བསམ་མི་རུང་། དེ་སྡིག་སྒྲིབ་དག་པའི་རྟགས་ཡིན། དེ་ལྟར་བསམ་ནས་བློོ་སྦྱོང་ལ་སྤྲོ་བ་བརྟས་ཏེ། སྡུག་བསྔལ་ལ་བཟོད་བསྲན་བསྒོམ་དགོས། རྩ་བར། ཐོག་མཐའ་གཉིས་ལ་བྱ་བ་གཉིས། ཞེས་སྔ་དྲོ་བཞེངས་ཚེ་དེ་རིང་ངས་བྱང་ཆུབ་སེམས་སྒོམ་གྱི་ཡིན་ཞེས་དམ་བཅའ། ཉིན་ཡོལ་མཚན་ཉལ་བའི་ཚེ་བློ་སྦྱོང་ཉམས་ལེན་ཇི་ལྟར་བྱུང་འདུག་ཅེས་བརྟག་དགོས། བཟང་པོ་བྱུང་ན་དགའ་དང་སྤོབས་པ་སྐྱེ་དགོས། ཡང་བདག་འཛིན་དབང་དུ་སོང་ཡོད་ན། མཐོལ་བཤགས་མཛད་ཅེས། རྩ་བར། གཉིས་པོ་གང་བྱུང་བཟོད་པར་བྱ། ཞེས་གཉིས་པོ་སྐྱིད་སྡུག་གང་བྱུང་བཟོད་ནས་བློ་སྦྱོང་བསྒོམ་དགོས། རྩ་བར། གཉིས་པོ་སྲོག་དང་བསྡོས་ལ་བསྲུང། ཞེས་ཆོས་སྤྱིའི་སྡོམ་པ་དང་། བློ་སྦྱོང་དེའི་སྡོམ་པ་རང་གི་སྲོག་ལས་ཀྱང་གཙིགས་ཆེ་བར་བསྲུང་དགོས། རྩ་བར། དཀའ་བ་གསུམ་ལ་བསླབ་པར་བྱ། ཞེས་ཉོན་མོངས་དང་པོ་ཤེས་དཀའ་བ། བར་དུ་གཉེན་པོ་བསྟེན་དཀའ་བ། མཐར་རྒྱུན་བཅད་དཀའ་བས་དཀའ་བ་གསུམ་ལ་བསླབ་དགོས། རྩ་བར། རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང། ཞེས་ཆོས་སྒྲུབ་པའི་རྒྱུ་ཡི་གཙོ་བོ་བླ་མ་བཟང་པོ་མཇལ། རང་རྒྱུད་ལས་སུ་རུང་བ། ལྟོ་གོས་འཛོམས་པོ་ཡོད་ན་དགའ་བ་སྒོམ། སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་འབྱུང་བར་ཤོག་ཅེས། གལ་ཏེ་རྒྱུའི་གཙོ་བོ་མ་འཛོམས་ན། ཚེ་སྔོན་ལས་ལ་བསམ། གཞན་ལ་དེ་ལྟར་མ་བྱུང་བ་ཤོག་ཅེས་སྨོན་ལམ་འདེབས་ཏེ་བློ་སྦྱོང་། རྩ་བར། ཉམས་མེད་གསུམ་དང་ལྡན་པར་བྱ། ཞེས་སྡོམ་པ་གསུམ་གྱི་བསླབ་པ་ཉམས་པ་མེད་པ་ལྡན་དགོས་ཞེས། རྩ་བར། འབྲལ་མེད་གསུམ་དང་ལྡན་པར་བྱ་ཞེས། རང་གི་ལུས་ངག་ཡིད་གསུམ་སྐད་ཅིག་ཅིག་ཀྱང་བདེ་བ་དམ་པ་དང་འབྲལ་མེད་དུ་ལྡན་པར་བྱ་ཞེས། རྩ་བར། ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱོང། ཁྱབ་དང་གཏིང་འབྱོང་ཀུན་ལ་གཅེས། ཞེས་མི་དང་འབྱུང་བཞི་གང་གི་གནོད་པ་ལ་མི་ཁྲོ་བར་ཁྱབ་པ། སེམས་གཏིང་ནས་བློ་སྦྱོང་དགོས། རྩ་བར། བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། ཞེས་རང་ལ་དམིགས་བསལ་དམ་པོའམ་གནོད་པ་བཀོལ་མཁན་ལ་ལྷག་པར་བློ་སྦྱོང་སྒོམ་དགོས། རྩ་བར། རྐྱེན་གཞན་དག་ལ་ལྟོས་མི་བྱ། ཞེས་ཕྱི་རྐྱེན་ཟས་གོས་སོགས་ཕུན་སུམ་ཚོགས་ན་ཆོས་སྒྲུབ། རྐྱེན་མ་ཚོགས་ན་ཆོས་མ་བསྒྲུབས་པ་ལྟ་བུ་མིན་པ། རྐྱེན་གང་ལའང་མ་ལྟོས་པར་བློ་སྦྱོང་དགོས། རྩ་བར། ད་རེས་གཙོ་བོ་ཉམས་སུ་བླང། ཞེས་ཚེ་འདི་ཕྱི་གཉིས་ལས་ཕྱི་མ་གཙོ་བ་དང་། རང་གཞན་གཉིས་ལས་གཞན་གཙོ་བ་ཉམས་སུ་བླང་ཞེས། རྩ་བར། གོ་ལོག་མི་བྱ། ཞེས་ཆོས་སྒྲུབ་པའི་དཀའ་སྡུག་དེ་མི་བཟོད། འཇིག་རྟེན་གྱི་བྱ་གཞག་སྒྲུབ་པའི་དཀའ་སྡུག་བཟོད། སྔར་ཐོས་མ་མྱོང་བའི་ཆོས་ཟབ་མོ་ཐོས་པས་དགའ་བར་མི་བྱེད། གོས་དྲོན་པོ་ཟས་མནོག་ཅན་དགའ་བ་སྟེ་གོ་ལོག་པས་མི་བྱ་ཞེས། རྩ་བར། རེས་འཇོག་མི་བྱ། ཞེས་སྐབས་རེ་ཆོས་སྒྲུབ། སྐབས་རེ་ཆོས་མི་བྱེད་པར་ལྷོད་པོར་འདུག་པ། དེ་ལྟ་བུ་རེས་འཇོག་མི་བྱེད་པར་དུས་རྟག་ཏུ་གཅིག་པ་དགོས། རྩ་བར། དོལ་ཆོད་དུ་སྦྱང་། ཞེས་དུས་སྐད་ཅིག་ཅིག་འཕྲོ་བརླག་མི་གཏོང་བར་བློ་སྦྱོང་ཁོོ་ནར་སྦྱོང་དགོས། རྩ་བར། རྟོག་དཔྱད་གཉིས་ཀྱིས་ཐར་བར་བྱ། ཞེས་བློ་སྦྱོང་ཇི་ལྟ་བུར་ཉམས་སུ་བླང་གི་འདུག་ཅེས་བརྟགས་ནས་ཐར་པ་འཐོབ་དགོས་སོ། རྩ་བར། ཡུས་མ་བསྒོམ། ཞེས་ངས་སློབ་སྦྱོང་ལོ་མང་བྱས་པ་ཡིན། གཞན་དང་མི་འདྲ་ཟེར་ཏེ་ང་རྒྱལ་མི་བྱ། རྩ་བར། ཀོ་ལོང་མ་སྡོམ། ཞེས་གཞན་གྱིས་ཚིག་ངན་སྨྲ་བ་དེས་རང་སེམས་འཁྲུགས་ནས་བློ་སྦྱོང་མི་བྱེད་པར་མི་བྱ། རྩ་བར། ཡུས་ཙམ་པར་མི་བྱ། ཞེས་རང་གི་བློ་དང་མི་མཐུན་པར་བྱུང་ན། གློ་བུར་དུ་ལུས་ངག་གི་བཟོ་དབྱིབས་འགྱུར་བར་མིི་བྱ། རྩ་བར། འོར་ཆེ་མ་འདོད། ཅེས་སློབ་སྦྱོང་ལོ་མང་བྱེད་པ་དེ་ལ་བསྟོད་བསྔགས་བརྗོད་པ་བྱུང་ན་བསམ་པར་མི་བྱ། བློ་སྦྱོང་དོན་བདུན་མའི་སྙིང་པོ་ཐམས་ཅད་གསུངས་ཏེ། མཇུག་བསྡུ་བར། རྩ་བར། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །ཞེས་འགྲོ་བ་ཐམས་ཅད་དུག་གསུམ་ཤེད་ཆེ་བ་སྙིགས་མ་ལྔ་བདོ་བ་དེ། བྱང་ཆུབ་ལམ་དུ་བསྒྱུར་བའི་ཐབས། མན་ངག་བདུད་རྩིའི་སྙིང་པོ་འདི་གསེར་གླིང་པ་ནས་ཇོ་བོ་རྗེ་ལ་བརྒྱུད་པ་ཡིན་ཞེས། རྩ་བར། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། ཞེས་དགེ་བ་བསགས་པའི་འཕྲོ་ལ་བརྟེན་ནས། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་མང་པོའི་རྒྱུས། སྡུག་བསྔལ་དང་གཏམ་ངན་ཁྱད་བསད་ནས། བདག་འཛིན་འདུལ་བའི་བློ་སྦྱོང་དེ་གདམས་ངག་ཞུས། བློ་སྦྱོང་བས་ད་ནི་ཤི་ཡང་མི་འགྱོད་དོ། ཁྱེད་ཅག་ཐུགས་མོས་གང་ཡོད་དེར་སྐར་ཆ་ལྔར་སྒོམ་བསྐྱོན་ཏེ། བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པའི་གསུང་ཆོས་མཇུག་བཀྲ་ཤིས་ལོ་ལེགས་ངང་གྲུབ་བོ།། །། བསོད་ནམས་དབང་རྒྱལ་ནས་ཕབ།

20190117_Monlam Day 4