བོད་ཟླ་1ཚེས་4སྤྱི་ཟླ་1ཚེས10རེས་གཟའ་ཕུར་བུའི་ཉིན་གྱི་ཞོགས་པ་ཆུ་ཚོད་བརྒྱད་པའི་ཐོག་༧སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་རྡོར་གདན་སྨོན་ལམ་ཚིགས་ར་ལ་ཕྱག་ཕེབས་ཤིང་བཞུགས་ཁྲི་ལ་ཞབས་སོར་བཀོད།
དེ་རྗེས་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་ཀྱིས་གུས་ཕྱག་ལན་གསུམ་དང་བཅས་བཞུགས་གྲལ་དུ་འཁོད་གྲུབ་རྗེས། གསོལ་འདེབས་རྡོ་རྗེ་འཆང་ཐུང་མ་དབྱངས་དང་གྱེར་ནས་འདུས་མང་གིས་གསུངས། དེ་རྗེས་རྒྱལ་ཕྱི་ནང་གི་དད་ལྡན་ཁག་ཅིག་ནས་མནྜལ་སྐུ་གསུང་ཐུགས་འདེབས་འབུལ་གྲུབ་མཚམས་གསུང་ཆོས་དབུ་ཚུགས།
ཐོག་མར་ཕྱག་ཆེན་གངྒཱ་མའི་དབུ་ནས་འཕྲོས་ཏེ་སྣོད་ལྡན་གྱི་སློབ་མའི་མཚན་ཉིད་དཀའ་སྤྱད་མོས་གུས་སོགས་ལས་འཕྲོས་པའི་ཚེ་ཅིག་ལུས་ཅིག་སངས་རྒྱས་དགོས་ན་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྒྱུད་ལ་སྐྱེས་དགོས། དེ་སྐྱེས་པར་བྱེད་པ་ལ་བཤེས་གཉེན་བསྟེན་ཚུལ་གལ་ཆེ་བའི་གནད་རྗེ་བཙུན་མི་ལ་དང་པཎ་ཆེན་ནཱ་རོའི་རྣམ་ཐར་དང་སྦྱར་ནས་གསུངས།
དེ་བཞིན་སྤྱིར་ཆོས་སྒྲུབ་པ་ལ་ལེགས་ཉེས་རྣམ་པར་དཔྱོད་པའི་ཤེས་རབ་གལ་ཆེ་ཚུལ།
སྤྱོད་འཇུག་ཤེས་རབ་ལེའུ། ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་ཤེས་རབ་དོན་དུ་གསུངས། དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད་ཅེས་གསུངས་པ་ལྟར་དལ་བའི་བརྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། བླངས་དོར་དཔྱོད་པའི་ཤེས་རབ་དང་ལྡན་བཞིན་པའི་སྐབས་འདིར་རྣམ་གཡེངས་དབང་དུ་གྱུར་ན་དོན་ཡོད་པར་འགྱུར་ཡོང་དོན་མེད་པར་འགྱུར་ཐེ་ཚོད་རེད་དལ་འབྱོར་དོན་ལྡན་བྱ་དགོས་ཚུལ་དང་།
ཡང་སྤྱོད་འཇུག་ཤེས་རབ་ལེའུའི་མཇུག །དེར་ཡང་རྣམ་གཡེང་གོམས་པ་ནི། བཟློག་པའི་ཐབས་ནི་ག་ལ་ཡོད། །དེར་ནི་ལོག་པའི་ལམ་མང་ཞིང་། ཐེ་ཚོམ་ལས་ཀྱང་བརྒལ་དཀའ་སྟེ། ཅེས་པ་སྒོ་གསུམ་རྣམ་གཡེང་བག་མེད་གཏོང་མི་རུང་ཚུལ་དང་། བག་མེད་རྣམ་གཡེང་དུ་སོང་ན་རིག་པའི་གནས་ལྔ་ལ་མཁས་ན་ཡང་དོན་སྙིང་མེད། མཁས་པ་ཞེས་བཤད་མཁས་པ་འབྲི་མཁས་པ་ཀློག་མཁས་པ་བཀྲལ་མཁས་པ་དཀའ་གནད་དང་སྤྱི་དོན་དཀྲོལ་མཁས་པ། གཞུང་དོན་མཐར་ཆགས་སུ་བཤད་མཁས་པ་ཙམ་མ་ཡིན་པ། དེའི་དོན་ཚུར་རང་རྒྱུད་ལ་སྦྱོར་མཁས་པ་ཞིག་བྱུང་བ་ཡིན་ན་བཀའ་ཐམས་ཅད་གདམས་ངག་ལ་ཤར་ཞེས་པ་དེ་བྱུང་བ་རེད། དེ་ལྟར་བྱུང་ན་རྒྱལ་བའི་གསུང་རབ་ཐམས་ཅད་ཡི་གེ་དང་རི་མོའི་ནང་དུ་ལྷག་སོང་བ་མ་ཡིན་པ། གང་དང་གང་བཀྲལ་པ། གང་དང་གང་འགྲེལ་པ་དེ་དངོས་དང་བརྒྱུད་ནས་རང་གི་སེམས་རྒྱུད་བདག་འཛིན་གྱི་གཉེན་པོར་གྱུར་པ་ཡོང་ངེས། དེ་ལྟར་གྱུར་པ་ཡིན་ན་མཁས་པ་རེད་ཅེས་དང་།
རྗེ་རིན་པོ་ཆེས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། མཐའ་མར་མཚན་ཀུན་དུ་དབྱེར་མེད་སྒོམ། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། བསམ་ཞིང་བསམ་ཞིང་འདུན་མ་ལེགས་ནས་གདའ། བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། ཞེས་པ་གསུངས་པ་ལས་འཕྲོས་ཏེ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལས་ཐར་དགོས་པ། དེ་དགོས་ན་རྒྱུ་ལས་ཉོན་ཟད་དགོས། དེ་ཟད་པ་ལ་དམ་པའི་མན་ངག་བསྟེན་དགོས། ཐོས་བསམ་སྒོམ་གསུམ་བསྟེན་དགོས། དེ་སྟོན་མཁན་གྱི་བླ་མ་དེ་ལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཞེས་དུས་གསུམ་སངས་རྒྱས་ལས་ཀྱང་དེ་རྩལ་ཆེ་ཚུལ། དེ་ལྟར་ཡིན་པ་ཡིད་ཆེས་མོས་གུས་ཀྱི་ཐོག་ནས་བློ་ཐག་ཆོད་དགོས་ཞེས་དང་། ཐོག་མར་དགེ་བ་ཐོས་བསམ་ཕྱོགས་མེད་དུ་བྱས་པ། བར་དུ་དགེ་བ་དེ་གདམས་ངག་དུ་འཁྱེར་བ། མཐར་དགེ་བ་དེ་ལྟ་བུའི་གདམས་ངག་ཉིན་མཚན་འཁོར་ཡུག་ཉམས་སུ་བླངས་པའི་དགེ་བ་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པའི་ཐོག་མཐར་བར་གསུམ་གྱི་དགེ་བ་ཐུགས་རྒྱུད་ལ་འཁྲུངས་ནས་བླ་མ་རྗེ་བཙུན་འཇམ་དཔལ་དབྱངས་བཀའ་དྲིན་ཆེ་ཚུལ་དང་འདུན་པ་མ་ནོར་ཚུལ་གྱི་རྒྱུ་མཚན་གསུངས།
མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག ། །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། ཅེས་དང་། དཔེར་ན་གསལ་དྭངས་ཉི་མའི་སྙིང་པོ་ཞེས་པ་སོགས་ལས་འཕྲོས་ནས་གདོད་ནས་དག་པའི་སེམས་ཀྱི་གཤིས་ཉིད་ཕྱག་རྫོགས་གཅོད་ཡུལ་སོགས་ཀྱི་མན་ངག་ལ་བསྟེན་ནས་སེམས་ཀྱི་གཞི་རྩ་གཅོད་ཚུལ་དང་། ཡག་དག་ལྟ་བས་དྲངས་པའི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་ཆེན་ལ་བསླབ་དགོས་ཚུལ་གྱི་གདམས་ཟབ་དཔག་ཏུ་མེད་པ་གནང་།
མཐར་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱིས་མཐར་བརྒྱན་ཏེ་སྔ་དྲོའི་གསུང་ཆོས་མཇུག་ལེགས་པར་གྲུབ་ལགས་སོ།
འབྲོང་སར་བསྟན་འཛིན་ཉི་མ་ཟིན་བྲིས་བཏབ།