ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥ བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པའི་ཉིན་གསུམ་པར། དཔལ་༸ རྒྱལ་དབང་ཀརྨ་པ་མཆོག་སྔ་དྲོ་དུས་ཚོད་བཅུ་གཅིག་པའི་ཐོག་བཞུགས་མཚེར་གཏེར་སྒར་དགོན་ནས་མཆོད་རྟེན་རིན་པོ་ཆེའི་ཉེ་འདབས་སུ་ཆགས་པའི་རྣམ་རྒྱལ་གསོལ་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས། དེར་རྗེ་བཙུན་མི་ལ་རས་པའི་འགྲེམས་སྟོན་ཁང་གི་འགན་འཛིན། འབྲི་གུང་བཀའ་བརྒྱུད་སིངྒྷ་པུར་ཆོས་ཚོགས་སུ་གཏན་བཞུགས་མཛད་པོ་སློབ་དཔོན་ཟླ་བ་དོན་གྲུབ་དང་། བལ་ཡུལ་དུ་བཞུགས་པའི་འབྲི་གུང་སྤྲུལ་སྐུ་རབ་གསལ་རིན་པོ་ཆེ་རྣམ་གཉིས་དང་། བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་སྟོང་ཚོ་བརྒལ་བ་རྣམས་ཀྱི་ལག་ཏུ་བཀྲ་ཤིས་པའི་མཇལ་དར་དང་ངག་ནས་ཀར་མཁྱེན་དབྱངས་སུ་གྱེར་ཏེ་གསོལ་མགྲོན་ཁང་དེ་ཉིད་ཀྱི་རྒྱབ་ཕྱོགས་གསོལ་མཆོད་ཁང་དུ་གདན་འདྲེན་པར་མཛད། ༸རྒྱལ་དབང་མཆོག་ནས་དུས་ཡུན་ཆུ་ཚོོད་ཕྱེད་ཙམ་གྱི་རིང་ཚོགས་མི་རྣམས་དང་ལྷན་ཅིག་གསོལ་ཚིགས་ལ་རོལ་བར་མཛད་པས་འདུས་པ་ཀུན་མགུ་ཞིང་ཡིད་ཚིམས་པར་མཛད།
དེ་ནས་སླར་ཡང་སློབ་དཔོན་ཟླ་བ་དོན་གྲུབ་དང་སྤྲུལ་སྐུ་རབ་གསལ་རིན་པོ་ཆེ་རྣམ་གཉིས་དང་། སློབ་མ་འགས་སྤོས་སྣ་དང་བཅས་གསོལ་མགྲོན་ཁང་དེ་ཉིད་ཀྱི་ཐོག་རྩེག་འོག་མར་གོ་སྒྲིག་བྱས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་འགྲེམས་སྟོན་ཁང་དུ་གདན་དྲངས་ནས་སློབ་དཔོན་ཟླ་བ་དོན་གྲུབ་ལགས་ནས་འགྲེམས་སྟོན་དེ་ཉིད་ཀྱི་བརྙན་པར་རེ་རེར་འགྲེལ་བཤད་རྒྱས་པ་རེ་བསྐྱོན་ཏེ་སྙན་སྒྲོན་ཞུས། ༸རྒྱལ་དབང་མཆོག་ནས་ཀྱང་དེ་དག་རེ་རེ་བཞིན་ཞིབ་པར་གཟིགས་ནས་དུས་ཡུན་སྐར་མ་བཅུ་ཙམ་བཞུགས་ཤིང་འགྲེམས་སྟོན་ཁང་གི་འགན་འཛིན་དང་། སྤྲུལ་སྐུ་རབ་གསལ་རིན་པོ་ཆེ། དེ་བཞིན་སློབ་མ་འགའ་དང་ལྷན་དུ་སྐུ་པར་ཡང་སྒྲོན་ཡོད་པ་དང།
དེ་ནས་སླར་ཡང་༸རྒྱལ་དབང་མཆོག་(Royal Residency) གསོལ་མགྲོན་ཁང་དུ་ཕེབས་ཤིང་ཟུར་མང་གར་དབང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་དང་། འབོ་དཀར་ཡང་སྲིད་རིན་པོ་ཆེ་དང་མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེ་རྣམ་བཞིས་དབུས་གཞན་མཆོག་གི་སྤྲུལ་སྐུ་རྣམས་དང་། དེ་བཞིན་དད་ལྡན་སྦྱིན་བདག་རྣམས་དང་ལྷན་ཅིག་ཉིན་གུང་གསོལ་ཚིགས་བཞེས་ནས་བཞུགས་གནས་གཏེར་སྒར་དགོན་དུ་སླར་ཕྱིར་ཕེབས་མཛད།
རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་འགྲེམས་སྟོན་ཁང་དེ་ནི། འགན་འཛིན་སློབ་དཔོན་ཟླ་བ་དོན་གྲུབ་ལགས་ནས་གསུང་དོན་དུ། ཚོགས་པ་དང་གཞུང་འབྲེལ་གང་ཡང་མ་ཡིན་པར་སྐུ་ཉིད་སྒེར་གྱི་ངོས་ནས་གོ་སྒྲིག་བྱས་ཡོད་པ་དང། འགྲེམས་སྟོན་དེ་ཉིད་ཀྱི་ནང་དུ་རྗེ་བཙུན་ཆེན་པོའི་སྒྲུབ་གནས་ཀྱི་གཙོ་བོ་ཕྱིའི་རྫོང་དྲུག ནང་གི་རྫོང་དྲུག གསང་བའི་རྫོང་དྲུག ཡང་གསང་གཉིས་ཏེ་རྫོང་ཆེན་ཉི་ཤུ་དང་། གྲགས་པའི་ཕུག་ཆེན་བཞི། མ་གྲགས་པའི་ཕུག་ཆེན་བཞིའི་བརྙན་པར་བྱིན་ཆེན་རྣམས་བཞུགས་ཡོད་པ་དང། བརྙན་པར་དེ་དག་རྣམས་ཀྱང་འགའ་ཞིག་འགན་འཛིན་རང་ཉིད་གནས་ཆེན་དེ་དག་ཏུ་བསྐྱོད་ནས་ལེན་པ་དང་། འགའ་ཞིག་སྐུ་ཉིད་ཀྱི་ཆོས་གྲོགས་རྣམས་བརྒྱུད་ནས་ཐོབ་པའི་སྐོར་གསུངས་སོ། །
ཀརྨ་ཚེ་རིང་ནས།