KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

བླ་མའི་སྲི་ཞུ་བ་དང་། སྨོན་ལམ་ཚོགས་མིར་མཇལ་ཁ།

 

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བདུན་པའི་དངོས་གཞི་ཉིན་བཞི་པའི་ཉིན་རྒྱབ་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་རྣམས་ལ་༸སྐྱབས་རྗེ་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་མཇལ་ཁ་དང་བཀའ་སློབ་སྩལ།
སྔར་༸རྒྱལ་དབང་མཆོག་བཞུགས་སྐབས་ནས་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་ཕེབས་སྲོལ་ཡོད་པ་ལྟར་སྤྱི་ལོ་༢༠༢༠-༢-༥ ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་རྡོར་གདན་གཏེར་སྒར་དགོན་གྱི་འདུ་ཁང་གི་སྒོ་ཁར་སྨོན་ལམ་གྱི་ཚོགས་མི་དང་སྲི་ཞུ་བ་རྣམ་པས་རིན་ པོ་ཆེ་ཕེབས་སྒུག་ཞུས་ཞིང་། ཆུ་ཚོད་གསུམ་པའི་ཐོག་རིན་པོ་ཆེ་མཆོག་དངོས་སུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་ཕེབས་དོན། ད་སྐབས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བདུན་པ་ཐོག་མཐའ་བར་གསུམ་གྱི་དགེ་བ་ལས་ཐོག་མར་དགེ་བ་སོང་ཞིང་ད་མཐའ་མའི་དགེ་བ་ལ་ཐུག་གྲབས་ཡོད། འདིའི་སྐབས་སུ་སྨོན་ལམ་ཡག་པོ་བསྐྱོན་དགོས། སྨོན་ལམ་འདི་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་དོན་དང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཐམས་ཅད་ཀྱི་དོན་དང་། སྤྱིར་ནང་པ་སངས་རྒྱས་ཀྱི་བསྟན་པའི་དོན་སོགས་དོན་མང་པོ་ཞིག་ལ་བརྟེན་ནས་སྨོན་ལམ་གནང་གི་ཡོད། དེ་ཙམ་དུ་མ་ཟད་ད་ལྟའི་སངས་རྒྱས་འདིའི་དུས་ཙམ་མ་ཡིན་པར་མ་འོངས་པར་རྒྱལ་བ་བྱམས་པ་དང་། འབྱོན་པར་འགྱུར་བའི་སངས་རྒྱས་སྟོང་རྩ་ལ་སོགས་པའི་མཛད་འཕྲིན་དང་བསྟན་པ་རྒྱས་པའི་དོན་ཡང་རེད། ལྷག་པར་དུ་ད་ལྟ་བཞུགས་བཞིན་པའི་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དང་། དེ་བཞིན་དུ་མ་འོངས་པར་ཀརྨ་པ་སྐུ་ཕྲེང་བརྒྱད་ཙམ་ཕེབས་ཀྱི་ཡོད་པ་རྣམས་ཀྱི་མཛད་འཕྲིན་རྒྱས་པ་ལ་ཕན་གྱི་རེད། ང་ཚོ་ནང་པ་སངས་རྒྱས་པའི་བསྟན་པ་འདི་སེམས་གཙོ་བོར་འཛིན་མཁན་ཞིག་རེད། སེམས་ཀྱིས་གང་བསམ་ན་ཡང་དེ་གཙོ་བོར་བྱེད་ཀྱི་རེད། དེ་ཡིན་དུས་བཀའ་བརྒྱུད་སྨོན་ལམ་ཡག་པོ་ཞིག་ཡོང་ན་བསམ་པའི་རེ་བ་བྱེད་ཅིང་ཞབས་ཞུ་སྒྲུབ་པ་ཡིན་ན་སངས་རྒྱས་བསྟན་པ་ཐམས་ཅད་ལ་ཞབས་ཏོག་ཞུ་ཡི་ཡོད་རེད། སངས་རྒྱས་སྟོང་རྩ་ལ་ཞབས་ཏོག་ཞུ་བཞིན་ཡོད། ཀརྨ་པ་སྐུ་ཕྲེང་རིམ་བྱོན་ཐམས་ཅད་ལ་ཞབས་ཏོག་ཞུ་བཞིན་ཡོད་ཅིང་ཕན་ཐོགས་ཀྱང་ཧ་ཅང་ཆེན་པོ་ཐོབ་རྒྱུ་རེད། དེ་ཙམ་མ་ཡིན་པར་སྨོན་ལམ་གྱི་ནང་དུ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་ཆེད་དུ་སྨོན་ལམ་གནང་དགོས་པར་གསུངས་པ་བཞིན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱིི་གོ་འཕང་ཐོབ་པའི་སྨོན་ལམ་གནང་དགོས་པ་ཡིན། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་བསམ་པའི་བསྔོ་བ་དང་སྨོན་ལམ་རྒྱུན་དུ་རྒྱབ་དགོས་རེད། དེ་ལྟར་བྱས་ཚེ་དགེ་བ་རྒྱ་ཆེན་པོ་ཐོབ་རྒྱུ་རེད། ཁྱེད་རང་ཚོས་བཀའ་བརྒྱུད་སྨོན་ལམ་ལ་ཞབས་ཏོག་ཞུ་བའི་སྐབས་སུ་ཞལ་ལག་བཟོ་བ་དང་ཅ་ལག་དབོར་བ་སོགས་ལས་རིགས་རྣམ་པ་དུ་མ་ཡོད་པས་ལས་རིགས་གང་གི་ནང་དུ་ཞུགས་ཀྱང་། ཚོགས་རླབས་པོ་ཆེ་གསོག་བཞིན་ཡོད།
རྒྱལ་དབང་ཡིད་བཞིན་ནོར་བུས་དྲྭ་རྒྱ་བརྒྱུད་རྒྱུན་དུ་ང་རང་ཚོས་ཞབས་ཏོག་གང་ཞིག་ཞུས་པ་གཟིགས་བཞིན་པ་ཡིན་སྟབས་རྒྱལ་དབང་མཆོག་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་ཡོང་གི་རེད། ཕྱག་ལས་གང་གནང་བ་བླ་མའི་ཞབས་ཏོག་དང་བསྟན་པ་རྒྱས་པའི་ཆེད་དུ་ཡིན་བསམ་སྟེ་དེ་ལྟར་གནང་ཚེ་དེ་བཞིན་འགྱུར་གྱི་རེད། ཅེས་དང་།
ད་ལྟ་ང་ཚོ་མི་མང་པོ་ཞིག་གིས་ཡིད་བཞིན་ནོར་བུ་ཚུར་ཕེབས་ཏེ་མཛད་འཕྲིན་སྐྱོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་བཞིན་ཡིད་བཞིན་ནོར་བུ་ཚུར་ཕེབས་ཏེ་མཛད་འཕྲིན་སྐྱོང་ཐུབ་པའི་སྨོན་ལམ་ཐོབ་དང་ངེས་པར་འགྲུབ་ཀྱི་རེེད། མཐའ་དོན་མ་འོངས་པར་ཁྱེད་རང་ཚོ་སྨོན་ལམ་ཞབས་ཞུ་བ་རྣམ་པ་ཚེ་རིང་བ། ནད་མེད་པ། མི་ཚེ་དོན་དང་ལྡན་པའི་རེ་བ་དང་སྨོན་ལམ་རྒྱག་དགོས་པ་རེད། རྒྱལ་དབང་ཀརྨ་པས་ཀྱང་དེ་ལྟར་གནང་བཞིན་ཡོད། ངས་ཀྱང་སྨོན་ལམ་དེ་བཞིན་ཞུ་རྒྱུ་ཡིན་ཐུགས་རྗེ་ཆེ། ཅེས་སོགས་གསུངས། དེ་མཇུག་རིན་པོ་ཆེ་མཆོག་གཟིམ་ཆུང་དུ་ཆིབས་སྒྱུར་བསྐྱངས། ཚོགས་མི་རྣམས་ལ་༸རྒྱལ་དབང་མཆོག་གི་སྐུ་པར་རེ་དང་བྱིན་རླབས་རེ་གནང་སྟེ་མཇུག་གྲོལ། །

གནས་ཚུལ་ཕྱོགས་བསྡུས་ཙམ་བཀོད་པ་པོ་ནི་ལྷ་ཐོག་ཐུབ་སྦྱིན་ནོ། །

 

 

20200205_Audience Of Guru Sevakas And Monlam Members

སྨོན་ལམ་ཉིན་བཞི་པའི་གསུང་ཆོས།

 

ཕྱི་ལོ་༢༠༢༠ ཟླ་བ་༢ ཚེས་༥ ཉིན་ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཐོག་སྒྲུབ་བརྒྱུད་བསྟན་པའི་སྣང་བྱེད་༧སྐྱབས་རྗེ་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་སྨོན་ལམ་ཆོས་རར་སླར་ཡང་བཞུགས་ཁྲིར་འཁོད་རྗེས། དད་ལྡན་སྦྱིན་བདག་ཡོངས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་གྲུབ་སྟེ་གཙང་ཁ་རག་སྒོམ་ཆུང་གིས་མཛད་པའི་བློ་སྦྱོང་ཨང་ཡིག་བདུན་ཅུ་རྩ་གཉིས་པའི་གསུང་ཆོས་བཀའ་དྲིན་སྩལ་དོན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་ཅི་ནས་ཀྱང་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་པར་བགྱིའོ་སྙམ་དུ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་མཛད་ནས་གསན་པར་ཞུ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་ཁ་རག་སྒོམ་ཆུང་གིས་མཛད་པའི་བློ་སྦྱོང་ཨང་ཡིག་བདུན་ཅུ་རྩ་གཉིས་པ་དེ་ཉིད་བཤད་པ་ལ། ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ་སྟེ་དགེ་བ་རྣམ་པ་གསུམ་དུ་ཡོད་པ་ལས་དང་པོ་ལེགས་པར་གྲུབ་ནས། བར་དུ་དགེ་བའི་ནང་ནས་ཀྱང་ཕལ་ཆེ་བ་ཞུས་ཟིན་པ་ཡིན། དེ་རིང་སྐབས་སུ་བབ་པ་ལ། དལ་འབྱོར་མི་ལུས་ཐོབ་པའི་རྒྱུ། །ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །རང་གི་རྒྱུད་ལ་ཐུབ་ཚོད་ཀྱིས། །དྲི་མེད་གཙང་མ་སྲུངས་ཤིག་ཨང་། །ཞེས་པ་འདི་སྤྱིར་འཇིན་རྟེན་གྱི་ཁམས་ལ་མཐོ་རིས་ལྷ་དང་མིའི་ལུས་རྟེན་དེ་དག་ལེགས་ཤོས་ཤིག་རེད། དེ་དག་འཐོབ་པ་ལ་སྦྱིན་པ་ལ་སོགས་དགེ་བ་བྱས་པས་ཐོབ་ཐུབ་ཀྱང་། དལ་འབྱོར་གྱི་མི་ལུས་དེ་དག་འཐོབ་པ་ལ་དགེ་སློང་དང་དགེ་ཚུལ། དགེ་བསྙེན་དང་བསྙེན་གནས་ལ་སོགས་པའི་ཚུལ་ཁྲིམས་གཙང་མར་བསྲུང་ན་ཐོབ་པ་ལས་མ་བསྲུངས་ན་ཐོབ་ཀྱི་མེད། དེ་འདྲ་ཡིན་ཙང་ཚུལ་ཁྲིམས་གཙང་མ་སྲུངས་ཤིག་ཨང་གསུངས་པ་རེད། དེ་ནས། ཤེས་པ་འཕྲོ་ལ་ལུས་ལ་གནོད། །མཁས་བཙུན་རྣམས་ཀྱིས་སྨད་པའི་གནས། །ཉེས་པ་ཐམས་ཅད་འབྱུང་བའི་རྒྱུ། །ཆང་དང་བུད་མེད་སྤོངས་ཤིག་ཨང་། །ཞེས་པ་འདི་འཁོར་བའི་ཉེས་པ་དང་སྡིག་པ་ཐམས་ཅད་འབྱུང་བའི་རྒྱུ་གཅིག་ནི་ཆང་ཡིན་ལ་ཆང་གིས་སེམས་ལ་གནོད་ཀྱི་ཡོད། གཅིག་འདི་སྐྱེས་པའི་ལུས་རྟེན་ཡིན་ན་བུད་མེད་ལ་ཆགས་པ་དང་། བུད་མེད་ཀྱི་ལུས་རྟེན་ཡིན་ན་སྐྱེས་པ་ལ་ཆགས་པ་དེ་རེད། དེ་ལས་ཀྱང་སྡིག་པ་ཐམས་ཅད་འབྱུང་གི་ཡོད་ཙང་སྤོངས་ཤིག་ཨང་གསུངས་པ་རེད། ཞེས་པ་ནས་རིམ་གྱིས་རྩ་གཞུང་ཤླཽ་ཀ་བཞི་བཅུ་ནས་མར་གསུངས་པ་ལྟར་སྐྱེས་བུ་ཆུང་ངུའི་ལམ་དང་། སྐྱེས་བུ་འབྲིང་གི་ལམ་དང་། སྐྱེས་བུ་ཆེན་པོའི་ལམ་གྱི་གཞུང་འཕྲོ་རྣམས་སྒོམ་དང་སྦྲགས་ཏེ་ཉམས་སུ་ལེན་པའི་ཚུལ་དུ་བཀའ་དྲིན་མུ་མཐུད་དེ་ཚིགས་བཅད་དྲུག་ཅུ་རེ་དགུའི་བར་བརྗོད་པ་གསལ་ལ་གོ་བདེ་བའི་ངང་ནས་ལེགས་པར་བཀའ་དྲིན་བསྐྱངས་མཐར། དགེ་བའི་དངོས་པོ་ཆུང་ངུ་ཡང་། །འབྲས་བུ་མི་ཟད་ཆེན་པོར་འགྱུར། །དུས་གསུམ་བསྔོ་བ་ཐམས་ཅད་ལ། །སེམས་བསྐྱེད་སྔོན་དུ་ཐོངས་ཤིག་ཨང་། །ཞེས་པ་འདི་དགེ་བ་ཆུང་ངུ་ཡང་དགེ་བ་རྒྱ་ཆེན་པོར་འགྱུར་ཐུབ་པ་དེ་དུས་རྟག་ཏུ་སེམས་བསྐྱེད་པ་དང་། སེམས་བསྐྱེད་ལ་བརྟེན་ནས་བསྔོ་བ་བྱས་པ་གཉིས་རེད། དེ་འདྲ་སོང་ཙང་སེམས་བསྐྱེད་དང་བསྔོ་བ་སྨོན་ལམ་ལེགས་པར་བྱོས་ཤིིག་ཨང་གསུངས་པ་རེད། དེའི་བར་བློ་སྦྱོང་ཨང་ཡིག་བདུན་ཅུ་རྩ་གཉིས་པ་དེ་ཉིད་ཀྱིས་བར་དུ་དགེ་བའི་གཞུང་རྣམས་ལེགས་པར་གྲུབ། གསུམ་པ་མཇུག་གི་དོན་ཏེ་མཐའ་མར་དགེ་བའི་ཚིག་ནི། འདིར་བསྟན་གྲོས་དང་བློ་མཐུན་ན། །ངན་སོང་སྡུག་བསྔལ་ཀུན་བྲལ་ཏེ། །གནས་སྐབས་མངོན་པར་མཐོ་བ་ཡི། །ལྷ་མིའི་བདེ་བ་འབྱུང་ངོ་ཨང་། །ཞེས་པ་འདི་ཨང་ཡིག་བདུན་ཅུ་རྩ་གཉིས་པ་ལས་གསུངས་པ་བཞིན་ཆོས་བྱ་ལུགས་དང་། ཉམས་ལེན་མཐུན་པ་ཞིག་བྱུང་ན་སྡུག་བསྔལ་ཐམས་ཅད་དང་གཏན་དུ་བྲལ་ཏེ་བདེ་བ་ཐོབ་ཀྱི་རེད་གསུངས་པ་ཡིན། མཐར་ཐུག་སྒྲིབ་གཉིས་བྱང་བ་དང་། །སྐུ་གསུམ་ཡེ་ཤེས་བཞི་ལྡན་ཏེ། །འཁོར་འདས་གཉིས་ལ་མི་གནས་པའི། །བླ་མེད་བྱང་ཆུབ་འགྲུབ་བོ་ཨང་། །ཞེས་པ་འདི་དེ་དག་ཉམས་སུ་བླངས་པ་ལས་མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ནས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ། ཡེ་ཤེས་དང་རྣམ་པ་བཞི་དང་ལྡན་པ་ཐོབ་ནས་སྲིད་ཞི་གཉིས་ལ་མི་གནས་པར་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ནས་བླ་མེད་བྱང་ཆུབ་འགྲུབ་བོ་ཨང་སྟེ་འགྲུབ་ཀྱི་རེད་ཅེས་གསུངས། ཞེས་པ་གཙང་ཁ་རག་སྒོམ་ཆུང་གིས་ཁ་རག་རྩའི་དགོན་པར་བརྩམས་པའི་ཨང་ཡིག་བདུན་རྩ་གཉིས་པ་རྫོགས་སོ། །ད་གཞུང་ཡོངས་རྫོགས་གྲུབ་པ་ཡིན་གསུངས་པ་རེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བ་དེ་ཉིད་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་མཛད་པར་ཞུ། ཞེས་བཀའ་སྩལ་ཏེ་འདུས་མང་ཡོངས་ནས་ཀྱང་བསྔོ་སྨོན་མཛད་དེ་རེ་ཞིག་གཙང་ཁ་རག་སྒོམ་ཆུང་གིས་མཛད་པའི་ཨང་ཡིག་བདུན་རྩ་གཉིས་པའི་གཞུང་གི་མཇུག་ལེགས་པར་གྲུབ་བོ། །

བསམ་མཐར་ནས།

 

20200205_Monlam Day 4

སྨོན་ལམ་ཉིན་གསུམ་པའི་གསུང་ཆོས།

 

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བདུན་པའི་དངོས་གཞི་ཉིན་གསུམ་པའི་གསུང་ཆོས།
ཞོགས་པའི་ཚོགས་ཐུན་སྔ་མའི་སྐབས་སུ་༸སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེས་ཐེག་ཆེན་གསོ་སྦྱོང་གི་སྡོམ་ལུང་སྩལ། སྔར་རྒྱུན་ལྟར་ཚོགས་ཐུན་སྔ་མ་གྲོལ་རྗེས་ཚོགས་ཐུན་ཕྱི་མར་སྤོས་རྒྱའི་ཕེབས་བསུ་བཅས་སྐྱབས་རྗེ་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་བཞུགས་ཁྲིར་གདན་དྲངས། བཀའ་བརྒྱུད་སྨོན་ལམ་གྱི་བྱང་འདྲེན་ཆེན་མོས་དབུ་མཛད་དེ་གསུང་ཆོས་ཀྱི་སྔོན་འགྲོ་རྣམས་གྲུབ་རྗེས་རིན་པོ་མཆོག་ནས་བློ་སྦྱོང་ཨང་ཡིག་བདུན་ཅུ་པའི་གསུང་ཆོས་དངོས་སུ་དབུ་ཚུགས། འདིར་གཙང་ཁ་རག་སྒོམ་ཆུང་གིས་མཛད་པའི་བློ་སྦྱོང་ཨང་ཡིག་བདུན་ཅུ་པ་ཞེས་པ་འདི་ལ་མཆོད་བརྗོད་བསྡོམས་པའི་ཚིགས་བཅད་བདུན་ཅུ་རྩ་གསུམ་ཡོད་ཀྱང་མཆོད་བརྗོད་མ་བརྩིས་པའི་བློ་སྦྱོང་ཨང་ཡིག་བདུན་ཅུ་རྩ་གཉིས་པ་ཞེས་ཞུ་ཡང་ཡོངས་གྲགས་སུ་བློ་སྦྱོང་ཨང་ཡིག་བདུན་ཅུ་པ་ཞེས་པ་དེ་སྔར་ཉིན་གཉིས་ཀྱི་རིང་ཚིག་བཅད་བཅུ་བཞི་པ་ཡན་གསུངས་ཟིན་པས་དངོས་གཞི་ལ་འཇུག་པར་མཛད། རིན་པོ་ཆེ་མཆོག་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་ཅི་ནས་ཀྱང་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་པར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་མངོན་དུ་མཛད་ནས་གསན་པར་ཞུ། ཞེས་ཆོས་ཉན་པ་པོའི་ཀུན་སློང་གསལ་འདེབས་གནང་། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་ཁ་རག་སྒོམ་ཆུང་གིས་མཛད་པའི་བློ་སྦྱོང་ཨང་ཡིག་བདུན་ཅུ་པ་འདི་ཉིད་ཞུ་བ་ལ་ཐོག་མར་དགེ་བ་བར་དུ་དགེ་བ་མཐའ་མར་དགེ་བ་རྣམ་པ་གསུམ་ལས་དང་པོ་ལེགས་པར་གྲུབ་ནས་བར་དུ་དགེ་བ་གཞུང་དངོས་ལ། ཞེས་གོང་དུ་གསུངས་ཟིན་པ་ཚིགས་བཅད་བཅུ་བཞི་པའི་འཕྲོས་ཚིག་བཅད་་བཅོ་ལྔ་པ་སྣང་བ་ཡུལ་གྱི་འདོད་ཡོན་ལ། ། ཞེན་པ་གཏིང་ནས་མ་ལོག་པའི། ། བཙུན་དུ་རེ་བའི་ཚུལ་འཆོས་ཀྱིས། ། མི་ནག་བསླུ་རྡོ་མ་བྱེད་ཨང་། ། ཞེས། ད་འདོད་ཡོན་ལྔའི་སྣང་བ། མིག་གིས་ཡུལ་གྱི་གཟུགས། རྣ་བས་ཡུལ་གྱི་སྒྲ་སྙན་པོ་ལ་དགའ། སྣས་དྲི་ཞིམ་པོ་ལ་དགའ། ལྕེས་རོ་ཞིམ་པོ་ལ་དགའ། ལུས་ཀྱིས་རེག་བྱ་བདེ་བ་ལ་དགའ་བ་སོགས་འདོད་ཁམས་པ་ཡིན་ནས་བཟུང་སྣང་བ་ཡུལ་གྱི་འདོད་ཡོན་ལྔ་པོ་དེ་ལ་དགའ་ཞིང་ཆགས་ཏེ་དེ་ལ་བསམ་བློ་བཏང་སྟེ་བསྡད་པ་ཤ་སྟག་རེད། ང་རང་ཚོས་ཁ་སང་བཤད་པ་བཞིན་དམ་པའི་ཆོས་དེ་ཕྱི་མ་ཕན་ཆེད་མ་གཏོགས་བསམ་བློ་མེད་པ། འཆི་ཆོས་ཡང་དག་ཅིག་གི་ལས་འགན་གནང་སྟེ་འདོད་པའི་ཁམས་ལ་བསྡད་ཡོད། ཡིན་ན་འདོད་ཡོན་ལྔ་ལ་ཞེན་པ་གཏིང་ནས་ལོག་དགོས་ཤིང་། འདོད་ཡོན་ལྔ་སྡུག་བསྔལ་ཡིན་པ་ཤེས། མི་རྟག་པ་ཡིན་པ་ཤེས་ནས་ཞེན་པ་གཏིང་ནས་ལོག་དགོས། ཡིན་ཡང་འགའ་ཤས་འདོད་ཡོན་ལྔ་ལ་ཞེན་ཆགས་ཧ་ཅང་ཆེ་ཞིང་དེའི་གཉེན་པོ་རྟོགས་པ་དེ་རྒྱུད་ལ་མ་སྐྱེས་ནས་འདོད་ཡོན་ལྔ་ལ་འཇིག་རྟེན་ཕལ་དང་བཅས་པའི་ཞེན་པ་མ་ལོག་པ་དེ་འདྲ་ཡོང་གི་རེེད། དེ་ལྟ་བུའི་ཉོན་མོངས་པ་ཞེན་པ་ཧ་ཅང་ཆེ་བའི་རྐྱེན་གྱིས་མི་མང་པོའི་ནང་ནས་འདོད་ཡོན་ལ་ཞེན་པ་མེད་མདོག་ཁ་པོ། བཙུན་པ་ཡིན་མདོག་ཁ་པོ་ཚུལ་འཆོས་བྱས་ཏེ་ཡིན་མདོག་ཁ་པོ་བྱེད་བཞིན་ཡོད། མི་ནག་ཟེར་ན་ཆོས་ལ་སློབ་སྦྱོང་ཧ་ཅང་བྱེད་མ་མྱོང་ཞིང་དགེ་སློང་དགེ་ཚུལ་ཡང་མ་ཡིན་པ། དགེ་རྒན་ཡང་མ་ཡིན་པའི་འཇིག་རྟེན་ཆོས་སྒོ་ལ་མ་ཞུགས་པའི་འཇིག་རྟེན་ཕལ་པ་ལ་མི་ནག་ཟེར་བ་རེད། ཅེས་དང་། རྒྱལ་བས་གསུངས་པའི་མདོ་སྔགས་ཀྱི། ། ངེས་ཤེས་བློ་ལ་མ་ཤར་བར། །
ཐ་སྙད་ཚིག་ལ་ཞེན་པ་ཡི། ། མངོན་པའི་ང་རྒྱལ་མ་ཆེ་ཨང་། ། རྒྱལ་བས་གསུངས་པའི་མདོའི་ཆོས་དང་གསང་སྔགས་ཀྱི་ཆོས་ཀྱི་དོན་ལ་ཐོས་པ། བསམ་པ། སྒོམ་པའི་སྒོ་ནས་ངེས་ཤེས་བློ་ལ་མ་ཤར་བར་ཐ་སྙད་ཏོག་ཙམ་ལྟ་མྱོང་བ། བློ་སྦྱོང་དེ་ཀློག་མྱོང་ཡང་ཐ་སྙད་ཚིག་ལ་ཞེན། ཚིག་ཙམ་ཞིག་ངག་ནས་བཀླགས་ཤིང་ཚིག་ཙམ་ཞིག་ངག་ནས་སྐྱོར་རྒྱུ་ཡོད་པ། མདོ་སྔགས་ཐམས་ཅད་ཚིག་ལ་ཞེན་ཅིང་དོན་མ་རྟོགས་པར་ད་ང་མཁས་པ་ཡིན་སྙམ། ཡོན་ཏན་མེད་པ་ལ་ཡོན་ཏན་ཡོད་བསམ་པ་དེ་ནོར་བའི་ང་རྒྱལ་ལམ་མངོན་པའི་ང་རྒྱལ་རེད། དེ་ལྟ་བུའི་ང་རྒྱལ་མ་སྐྱེས་ཤིག་གསུངས། དེ་ལྟར་མངོན་པའི་ང་རྒྱལ་སྐྱེས་པ་ཡིན་ན་དད་པ་ཡང་ཡག་པོ་མི་སྐྱེ། དད་པ་མེད་པའི་གཉེན་པོ་ལ་སངས་རྒྱས་ཀྱི་སྐྱེས་རབས་ལ་སོགས་པ་བལྟས་ནས་ངེས་ཤེས་སྐྱེ་བ་བྱེད་དགོས། དེ་ལྟ་བུའི་ཚིག་ལ་ཞེན་ནས་བརྩོན་འགྲུས་མེད་པ་ལ་མི་རྟག་པ་བསམ་པ་ཙམ་མ་ཡིན་པར་སྒོམ་ནས་མི་རྟག་པ་རྒྱུད་ལ་སྐྱེ་བ་བྱེད་དགོས་རེད། ཚིག་མ་གཏོགས་དོན་མ་ཤེས་ཀྱང་མཁས་པ་ཡིན་སྙམ་ང་རྒྱལ་སྐྱེས་པ་དེ་ཆེས་སྡུག་པོ་ཡིན། ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན་ཞེས་གསུངས་པ་ལྟར་ང་རྒྱལ་གྱི་དབང་གིས་ངན་འགྲོ་ལ་སྐྱེ་བར་བྱེད། ངན་འགྲོའི་ནང་ནས་ཀྱང་འབུ་སྲིན་ལ་སོགས་པ་ལ་སྐྱེ་ཡི་རེད་བསམ་ནས་དེའི་གཉེན་པོ་བསྟེན་དགོས། དེ་ལྟ་བུའི་བློའི་སྐྱོན་དེ་དག་སྤངས་ནས་སེམས་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་འདི་ནས་ཐོག་མེད་ནས་མར་གསུང་བཞག་པ་རེད། ཅེས་དང་།  
ཚིགས་བཅད་བཅུ་དགུ་པ། རང་གི་བློ་ལ་མ་ཤར་བའི། ། གཞན་ལ་བཤད་པའི་ཕན་པ་མེད། ། སླར་ཡང་བདག་ལ་ཞེ་ཁྲེལ་གྱི། ། རྙེད་ཕྱིར་དམ་ཆོས་མ་འཚོང་ཨང་། །ཞེས་པ་ལ་འགྲེལ་བཤད་གནང་སྐབས། ཞི་གནས་དང་ལྷག་མཐོང་གི་ཁྲིད་ཡིག་ལྟ་བུ་དང་པོ་རང་ལ་ཉམས་མྱོང་ཡག་པོ་དགོས། རང་ལ་ཉམས་མྱོང་ཡོད་ན་ཚིག་མཁས་པ་མེད་ཀྱང་ཚིག་ཉུང་ཉུང་བཤད་ཀྱས་སློབ་མའི་རྒྱུད་ལ་ཕན་ཐོགས་ཡོང་གི་རེད། རང་གི་རྒྱུད་ལ་ཉམས་མྱོང་གང་ཡང་མེད་ན་མང་པོ་བཤད་ཀྱང་སློབ་མ་ལ་ཕན་ཐོགས་གང་ཡང་མི་ཡོང་། མི་ལ་མང་པོ་བཤད་ཀྱང་ཉིན་ཞིག་རང་ལ་བལྟ་དུས་ངས་མི་ལ་ཁྲིད་མང་པོ་བཤད་པ་ཡིན་ཏེ་རང་ལ་ཁྲིད་གང་ཡང་མེད་ང་རང་གི་བསམ་བློ་དེ་ཡག་པོ་རེད་མི་འདུག་བསམ་ནས་ངོ་ཚ་དགོས་པའམ་ཞེ་ཁྲེལ་བ་འབྱུང། རྙེད་པ་དང་བཀུར་སྟི་ཡི་ཆེད་དུ་དམ་པའི་ཆོས་འཚོང་རྒྱུ་ཡོད་མ་རེད། སྡིག་པ་ཆེན་པོ་ཡོད་རེད་ཅེས་གསུངས་པ་རེད། ཅེས་དང་། ཚིགས་བཅད་སོ་བཞི་པ།  བསམ་འཕེལ་ཡིད་བཞིན་རིན་ཆེན་ལྟར། ། བྱིན་རླབས་རང་སེམས་གུས་ལས་འབྱུང་། ། ལྷ་དང་བླ་མ་དཀོན་མཆོག་ལ། ། མོས་གུས་དྲག་པོ་གྱིས་ཤིག་ཨང་། ། བླ་མ་ལ་དད་པ་བྱས་ན་དེ་ཡི་ཡོན་ཏན་ཐོབ་ཅིང་། དད་པ་མ་བྱས་ན་ཐོབ་ཀྱི་མ་རེད། དེས་ན་བླ་མ་ལ་དད་པ་དང་མོས་གུས་གྱིས་ཤོག་གསུངས་པ་རེད།
བདག་ལ་མ་ནོར་ལམ་སྟོན་པའི། ། ས་མཁན་དགེ་བའི་བཤེས་གཉེན་གྱིས། ། རྗེས་སུ་བསྟན་པའི་གདམས་ངག་ལ། ། སྒྲུབ་པ་སྙིང་པོ་གྱིས་ཤིག་ཨང་། ། རང་གི་བླ་མ་དེ་རང་ཉིད་ཐར་པའི་གནས་སུ་ཁྲིད་མཁན་དེ་ཡིན། དེའི་གསུང་པའི་དོན་དེ་དག་སྒྲུབ་པ་སྙིང་པོ་གྱིས་ནས་སྒོམས་ཤོག་ཨང་གསུངས་པ་རེད།
རྒྱལ་བས་གསུངས་པའི་སྡེ་སྣོད་ལ། ། བློ་གྲོས་ལེགས་པར་སྦྱངས་པ་ཡིས། ། མི་ཤེས་ཐེ་ཚོམ་དང་བྲལ་བ། ། གཞོན་པའི་དུས་ན་སློབས་ཤིག་ཨང་། སངས་རྒྱས་ཀྱིས་གསུང་བའི་སྡེ་སྣོད་གསུམ་ལ་རང་གི་བློ་ཤེས་རབ་ཀྱིས་ལེགས་པར་སྦྱང་དགོས་པ་རེད། དེ་སྦྱང་བ་དེ་ཡང་ལོ་གཞོན་པ་དབང་པོ་ལ་སྐྱོན་མེད་པ་རིག་པ་གསལ་བོ་ཡོད་པའི་སྐབས་སུ་སྦྱོངས་ཤིག་ཨང་གསུངས་པ་རེད།
གཤེས་གཉེན་དམ་པས་མ་ཟིན་ན། ། སྣོད་ངན་ཞབས་ནས་ཟག་པ་ལྟར། ། ཟག་བཅས་ཤེས་པ་བརྗེད་ངེས་པའི། ། ཐོས་པ་བསམ་པའི་སྐྱོངས་ཤིག་ཨང་། ང་རང་ཚོའི་ཆོས་ཐོས་པའི་སྐབས་སུ་ཉོན་མོངས་པ་ཅན་གྱི་ཤེས་པ་དེས་དམ་པའི་ཆོས་བདེན་པའི་དོན་དེ་ཐོས་ན་ཡང་བརྗེད་འགྲོ་གི་ཡོད་རེད། དེ་ཡིན་དུས་བཤེས་གཉེན་དམ་པ་བསྟེན་ནས་ཆོས་ཐོས་པའི་སྟེང་དུ་བསམ་པ། བསམ་པའི་ཤེས་རབ་ཀྱིས་བརྟག་ཅིང་དཔྱད་དེ་བརྗེད་རྒྱུ་མེད་པ་བཟོ་དགོས་ཞེས་གསུངས་པ་རེད།
ཞེས་སྤྱིེར་ཚིགས་བཅད་སོ་བདུན་གྱི་བར་དང་དེ་རིང་ཚིགས་བཅད་བཅོ་ལྔ་པ་ནས་དབུ་བཟུང་ཚིགས་བཅད་སོ་བདུན་བར་ཚིགས་བཅད་ཉེར་གསུམ་བཀའ་ཁྲིད་གནང་བ་དེ་ཡང་ཚིག་དང་དོན་གྱི་གནད་བཀྲོལ་ཅིང་ཁ་གསལ་ལ་གོ་བདེ་བར་་སྩལ།

20200204AM_Monlam Day 3

སྨོན་ལམ་ཉིན་གཉིས་པའི་གསུང་ཆོས།

 

བཀའ་བརྒྱུད་སྨོན་ལམ་ཉིན་གཉིས་པའི་སྔ་དྲོ་ཆུ་ཚོད་དྲུག་པ་སྟེ་ཚོགས་ཐུན་དང་པོར་༧སྐྱབས་རྗེ་གར་དབང་རིན་པོ་ཆེ་མཆོག་ནས་མཆོག་གི་སྤྲུལ་པའི་སྐུ་རྣམ་པ་དང་། མཁན་སློབ་དབུ་ཆོས་རྣམ་པ། དེ་བཞིན་སྨོན་ལམ་གྱི་ཚོགས་ཞུགས་དགེ་བཙུན་ཡོངས་དང་། དད་ལྡན་སྐྱ་སེར་ཕོ་མོ་ཡོངས་ལ་གསོ་སྦྱོང་གི་སྡོམ་པ་སྩལ་རྗེས་སྔ་དྲོའི་འདོན་བྱ་ཁག་ལེགས་པར་གྲུབ་པས་ཚོགས་ཐུན་དང་པོ་གྲོལ། དེ་མཇུག་ཚོགས་ཐུན་གཉིས་པ་སྨོན་ལམ་གསུང་ཆོས་ཉིན་གཉིས་པ་ཁ་རྩང་གི་འཕྲོས་ནས་བསྐྱངས། དེ་ཡང་སྨོན་ལམ་གསུང་ཆོས་ཉིན་གཉིས་པར། ༧སྐྱབས་རྗེ་གོ་ཤྲཱི་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་བཞུགས་ཁྲིའི་དྲུང་དུ། དད་ལྡན་སྦྱིན་པའི་བདག་པོ་དུ་མ་ཞིག་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་གྲུབ་རྟིང། རིན་པོ་ཆེ་མཆོག་ནས་གསུང་ཆོས་དབུ་འཛུགས་བསྐྱངས་ཏེ། དེ་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་ཅི་ནས་ཀྱང་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་དེ་ཉིད་ཉན་པར་བགྱིའོ་སྙམ་པའི་ཀུན་སློང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་མཛད་དེ་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི། ཁ་རག་སྒོམ་ཆུང་གིས་མཛད་པའི་བློ་སྦྱོང་ཨང་ཡིག་བདུན་ཅུ་པ། དེ་ལའང་ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ་གསུམ་ལས། དང་པོ་བཤད་ཟིན་ནས། གཉིས་པ་བར་དུ་དགེ་བར། རྩ་བར། ད་ལྟའི་བདེ་དང་སྡུག་བསྔལ་ཀུན། །སྔ་མའི་ལས་ལ་རག་ལས་པས། །ཞེས། ཚེ་འདིར་སྐྱེ་བའི་སྐབས་སུ་བདེ་བ་དང་སྡུག་བསྔལ་མྱངས་ཡོད། དར་ལ་བབ་པའི་སྐབས་སུའང་བདེ་བ་དང་སྡུག་བསྔལ་མྱངས་ཡོད། ད་ལྟའང་བདེ་བ་དང་སྡུག་བསྔལ་ཡོང་གི་ཡོད། ལྷག་པར་དུ་ཟས་ཟ་བ་དང་གོས་གྱོན་ཚེ་བདེ་སྡུག་དུ་མ་བྱུང་། ཟས་ཟ་བ་ལའང་དང་པོ་ཟས་འཚོལ་བའི་དཀའ་ངལ། བར་དུ་མེ་སོགས་བཏང་ཏེ་ཟས་བཟོ་བའི་དཀའ་ངལ། མཐར་ཕོར་བ་དང་སྣོད་སོགས་འཁྲུ་བའི་དཀའ་ངལ། ཟས་བཟས་ཏེ་ལུས་འཚོ་བའི་བདེ་བ། ཟས་མང་དྲགས་ན་སྡུག་བསྔལ་ཡོང་། འཇིག་རྟེན་འདིར་བདེ་བའི་རྒྱུ་དུ་མ་ཡོད། བདེ་བའི་རྒྱུ་མང་དྲགས་ན་སྡུག་བསྔལ་འགྱུར། སྡུག་བསྔལ་གྱི་རྒྱུ་དེ་མང་དྲགས་པ་དང་ཉུང་ནའང་སྡུག་བསྔལ་འབྱུང་བ་མ་གཏོགས། བདེ་བ་མི་འབྱུང། དེ་ཐམས་ཅད་སྐྱེ་བ་སྔོན་མར་དགེ་སྡིག་གི་ལས་འདྲེས་མ་བསགས་པ་ལ་བརྟེན་ནས། ད་ལྟའི་བདེ་སྡུག་མྱོང་བ་ཡིན། ལས་ལ་རག་ལས་པ་དེ་ཡང་རྟེན་འབྲེལ་ཡིན་པའི་དབང་གིས་སོ། རྩ་བར། ཁྱོད་ལ་གདམ་དུ་མི་བདོག་གིས། །གང་བྱུང་གྲོགས་སུ་ཁྱེར་ཅིག་ཨང་། །ཞེས། བདེ་བ་ཐོབ་དགོས། སྡུག་བསྔལ་མི་མྱོང་ཞེས་ཕར་འདོར་བ་སོགས་གདམ་དུ་མི་རུང་། ཐབས་གཞན་ཞིག་ཡོད། བདེ་བ་འཕྲད་པའི་སྐབས་དམ་པའི་ཆོས་བསྒྲུབ་དགོས། སྡུག་བསྔལ་མྱོང་བའི་ཚེ་བདག་དང་གཞན་གྱི་སྡིག་པ་སྦྱོང་བའི་ཆེད་བློ་སྦྱོང་སོགས་སྒོམ་དགོས། དེ་ལྟར་ན་བདེ་སྡུག་གང་བྱུང་གྲོགས་སུ་འཁྱེར་བ་ཡིན་ཞེས་གསུངས་སོ། རྩ་བར། ཚེ་འདིའི་བདེ་བ་ཡུད་ཙམ་སྟེ། །གཏན་གྱི་བདེ་བ་བྱུང་འདོད་ན། །ཚེ་འདིའི་སྡུག་བསྔལ་ཕྲ་མོ་ཀུན། །ཁྱོད་ཀྱིས་དང་དུ་ལོངས་ཤིག་ཨང་། །ཞེས། ཚེ་འདིའི་བདེ་བ་ནི་གོ་གནས། འབྱོར་ལྡན། གྲགས་ཆེ་བའི་བདེ་བ་དེ་ཡུད་ཙམ་ཡིན། དམ་པའི་ཆོས་སྒྲུབ་པའི་འབྲས་བུ་དེ་གཏན་གྱི་བདེ་བ་ཡིན། དེ་འབྱུང་བར་འདོད་ན། སྡུག་བསྔལ་ཕྲ་མོ་ནི་མིའི་སྡུག་བསྔལ་ལམ་ཆོས་སྒྲུབ་པའི་སྡུག་བསྔལ་དེ་ངན་སོང་གི་སྡུག་བསྔལ་ལ་ལྟོས་ན་ཕྲ་མོ་ཡིན། དེ་དང་དུ་ལོངས་ཤིག་ཅེས་གསུངས་སོ། རྩ་བར། ད་ལྟའི་སྡུག་བསྔལ་ཕྲ་མོས་ཀྱང་། །སྔར་བྱས་སྡུག་བསྔལ་ཟད་བྱས་ནས། །ཕྱི་མའི་དུས་ན་བདེ་འགྱུར་གྱི། །སྡུག་བསྔལ་དགའ་བར་སྒོམས་ཤིག་ཨང། །ཞེས། ད་ལྟ་ཆོས་སྒྲུབ་པའི་སྡུག་བསྔལ་ཕྲ་མོ་དེས། ཕྱི་མ་ངན་སོང་གསུམ་དུ་སྐྱེ་བའི་སྡུག་བསྔལ་ཆེན་པོ་མི་འབྱུང་བའམ་ཞི་བར་བྱེད་ཅེས། གནའ་སྔ་མོའི་གྲུབ་ཐོབ་ཚོས། སྐྱེ་བ་སྔོན་མ་སྡུག་བསྔལ་ཆེན་པོ་མྱོང་བྱེད་ཀྱི་རྒྱུ་བསགས་པ་དེ། ཆོས་སྒྲུབ་སྐབས་སྡུག་བསྔལ་ཕྲ་མོ་ཕྲ་མོ་མགྱོགས་ནས་མྱུར་དུ་སྨིན་ཏེ། སྡིག་པ་ཆེན་པོ་དག་པར་བྱས་ཏེ། སྐྱེ་བ་ཕྱི་མ་སྡུག་བསྔལ་གཏན་ནས་མྱོང་མི་དགོས་པའི་རྟགས་ཡིན་ཞེས། ཡང་འགའ་ཤས་སྡིག་པ་ཆེན་པོ་བྱས་པ་ཡིན་ནའང་། བདེ་སྐྱིད་དང་། ལམ་འགྲོ་ཡོང་རྒྱུ་ཡོད། དེ་གང་ཞེ་ན། ངན་སོང་དུ་མྱུར་དུ་ལྟུང་བའང། ཚེ་ཕྱི་མའི་བདེ་བ་ཐམས་ཅད་ད་ལྟ་མྱོང་སྟེ། སྡུག་བསྔལ་ལས་གཏན་ནས་མི་ཐར་བའི་རྟགས་ཡིན་ཞེས། ཕྱི་མར་སྡུག་བསྔལ་མི་འབྱུང་བར་བདེ་བར་འགྱུར་བས། ད་ལྟའི་སྡུག་བསྔལ་ཕྲ་མོ་ལ་དགའ་བ་སྒོམས་ཤིག་གསུངས། རྩ་བར། རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན། །བར་ཆད་དགེ་སྦྱོར་བསྐུལ་མ་ཡིན། །ཞེས། སངས་རྒྱས་བཅོམ་ལྡན་འདས་ཡང་ཤཱཀྱའི་གྲོང་ཁྱེར་དུ་བཞུགས་སྐབས་སྡུག་བསྔལ་དུ་མར་གཟིགས་ནས། ཐུགས་སྐྱོ་སྟེ་འཁོར་བ་སྤང་འདོད་ཀྱི་བློ་བསྐྱེད་པ་ཡིན། དེ་བཞིན་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་ཀརྨ་པ་དུས་གསུམ་མཁྱེན་པ་ཡང་། རྐྱེན་ངན་བར་ཆད་དུ་མ་བྱུང་ནས་ཆོས་ལ་ཞུགས་པ་ཡིན། བར་ཆད་དེ་འཇིག་རྟེན་པའི་བར་ཆད་ལས། ཆོས་ཀྱི་བར་ཆད་མིན། སྡུག་བསྔལ་སྡིག་པའི་ཕྱགས་ཤིང་ཡིན། །མི་དགའ་བྱུར་དུ་མ་བལྟ་ཨང་། ། ཞེས་རྗེ་བཙུན་མི་ལའང་དཀའ་བ་དུ་མ་སྤྱད་དེ་སྡིག་པ་སྦྱངས་པ་ཡིན། དེས་ན་དཀའ་སྤྱད་དང་སྡུག་བསྔལ་དེ་སྡིག་པ་དྲུང་ནས་འབྱིན་པའི་ཕྱགས་ཤིང་ཡིན། རང་ལ་གནོད་པ་བྱེད་པ་དེ་བྱུར། དེ་དག་ཡོང་ན་མི་དགའ་བར་མི་བྱེད་པར་རང་དབང་མེད་པར་སེམས་ཏེ་བྱམས་པ་བསྒོམ་དགོས། བཟོད་པ་བསྒོམ་དགོས་པར་གསུངས། དེའི་འཕྲོས་ལུས་དེ་ཤ་དང་རུས་པ་པགས་པ་སོགས་ལས་གྲུབ་པ་ཙམ་ལས། སྙིང་པོ་མེད་པ་མི་རྟག་པའི་རང་བཞིན་ཡིན། དེ་བཞིན་ཕྱིའི་མགྲོན་ཁང་དང་གླིང་ག་མཛེས་པ་སོགས་ཀྱང་མཛེས་པའི་ངོ་བོར་མ་གྲུབ་པས་སྙིང་པོ་མེད། དང་པོ་ནང་ལུས་སྙིང་པོ་མེད་པའི་ཐོག་སྐར་ཆ་ཁ་ཤས་ཤིག་སྒོམ་བསྐྱོན་པར་མཛད། ཕྱིའི་སྣང་བ་མགྲོན་ཁང་དང་གླིང་ག་སོགས་སྙིང་པོ་མེད་པའི་ཐོག་སྐར་ཆ་ཁ་ཤས་ཤིག་སྒོམ་བསྐྱོན་པར་མཛད། རྩ་བར། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཡིན། །བསྙེན་བཀུར་འཆིང་བའི་ཞགས་པ་ཡིན། །བསོད་ནམས་དགེ་སྦྱོར་བར་ཆད་ཡིན། །དུག་ལ་སྨན་དུ་མ་བལྟ་ཨང་། །ཞེས་སྙན་གྲགས་བདུད་ཀྱི་རྩམ་པ་གཏོར་ལྟ་བུ་ཡིན། བསྙེན་བཀུར་དང་བཀུར་སྟི་བྱུང་ན་ང་རྒྱལ་སྐྱེས་ནས་འཁོར་བར་འཆིང་བའི་ཞགས་པ་ཡིན། བསོད་ནམས་ནི་རྒྱུ་ནོར་ལོངས་སྤྱོད་ཆེན་པོ་ཡོད་ན། དེ་ལ་ཆགས་པ་སྐྱེས་ཏེ་དགེ་སྦྱོར་སྒྲུབ་པའི་བར་ཆད་ཡིན། ཐར་བའི་སྲོག་གཅོད་པའི་དུག་སྟེ་སྙན་གྲགས་བསྙེན་བཀུར་བསོད་ནམས་སོགས་ལ་ཐར་པ་འཐོབ་བྱེད་ཀྱི་ལམ་མམ་སྨན་དུ་མ་ལྟ་ཞེས། རྩ་བར། བློ་སྣའི་སྒྲོ་འདོགས་མ་ཆོད་ན། །ཅི་བྱས་སེམས་ལ་བདེ་དུས་མེད། །སྒྲོ་འདོགས་ཆོད་པའི་མཁས་པ་ལ། །རྐྱེན་ངན་གྲོགས་སུ་འཆར་རོ་ཨང་། །ཞེས། མེད་པ་ལ་ཡོད་པར་སྒྲོ་འདོགས་པ་དང་། བདག་མེད་པ་ལ་ཡོད་པ་དང་མི་རྟག་པ་རྟག་པར་སྒྲོ་འདོགས་པ་དེ། ཆོས་ལ་ཐོས་བསམ་གྱིས་ཤེས་རབ་བསྐྱེད་ནས་སྒྲོ་འདོགས་གཅོད་པར་བྱེད་དགོས། སྒྲོ་འདོགས་མ་ཆོད་ན་བདེ་བ་ཐོབ་པའི་དུས་མེད། སྒྲོ་འདོགས་ཆོད་པའི་མཁས་པ་ལ་རྐྱེན་ངན་བར་ཆད་ཐམས་ཅད་གྲོགས་སུ་འཆར་བཞིན་ཡོད། རྩ་བར། རང་གི་སེམས་ཀྱིས་མ་ཁྲེལ་ན། །མི་ཡི་འཕྱ་སྨོད་སྒྱུ་མ་ཡིན། །གཞན་གྱི་ཁ་ལ་མ་ཉན་པར། །རང་སེམས་དཔང་དུ་ཚུགས་ཤིག་ཨང་། །ཞེས། རང་གི་སེམས་ཀྱིས་ཡུལ་གནས་ལུགས་དང་མི་མཐུན་པར་བྱུང་ཞེས་མ་ཁྲེལ་ན། མི་ཡི་འཕྱ་སྨོད་བྱེད་པ་དེ་སྒྱུ་མའམ་བདེན་པ་མིན། དེས་ན་གཞན་གྱི་ཁ་ལ་མ་ཉན་པར་རང་སེམས་དཔང་དུ་ཚུགས་ཤིག་ཅེས་གསུངས་སོ། རྩ་བར། ཆོས་མིན་ཆོས་ལྟར་བཅོས་པ་ཡི། །ཆོས་ལ་བརྟེན་པའི་གཡོ་སྒྱུ་ཡིས། །ཚེ་འདིའི་ཆེ་ཐབས་མ་སྒྲུབ་པར། །འཇིག་རྟེན་བློ་ཡིས་ཐོངས་ཤིག་ཨང་། །ཞེས། མཐར་ཐུག་བསམ་པ་བསྟན། ཆོས་མིན་ནའང་ཆོས་ལྟར་བཅོས་པའམ་སྟོན་པ་དེ་གཡོ་སྒྱུ་ཡིན། ཆོས་ལ་བརྟེན་ནས་འཇིག་རྟེན་པའི་དོན་སྒྲུབ་དེས་ཚེ་འདིའི་ཆེ་ཐབས་མ་སྒྲུབ་པས། བློ་ཡིས་ཐོངས་ཞེས་སྤང་དགོས་ཞེས་དང་། རྩ་བར། ཚེ་འདིའི་སྙན་གྲགས་བསོད་ནམས་དང་། །ཕྱི་མར་ཕན་པའི་འཆི་ཆོས་གཉིས། །གར་གླགས་གར་ཁྱེར་མ་བྱེད་པར། །ངེས་པར་འཆི་ཆོས་གྱིས་ཤིག་ཨང་། །ཞེས་ཚེ་འདིའི་སྙན་གྲགས་བསོད་ནམས་དང་འཆི་ཆོས་གཉིས་གཅིག་ཏུ་མ་འཛིན་པར་ངེས་པར་འཆི་བར་ཕན་པའི་དམ་པའི་ཆོས་གྱིས་ཤིག་ཅེས། རྩ་བར། དད་གུས་འཁོར་ལས་དཀོན་པ་མེད། །མི་ངན་དཔོན་ལས་སྡུག་པ་མེད། །བཟང་པོའི་དཔོན་ཆ་མ་འཛིན་པར། །ངན་པའི་དམན་ཆ་ཟུངས་ཤིག་ཨང་། །ཞེས་བླ་མའི་སྐུ་མདུན་དུ་མི་ཚེ་གཅིག་ལྷན་དུ་བསྡད་ནའང་དད་གུས་མེད་པ་འབྱུང་སྲིད། དཔོན་པོ་ལ་ལ་མི་ངན་རང་དོན་ཁོ་ན་སྒྲུབ་པའི་དབང་ཆ་འཛིན་ནས་སྡོད་ཀྱི་ཡོད། དེས་ན་བཟང་བོའི་དཔོན་ཆ་ཐོབ་པར་མ་འཛིན་པར་ངན་པ་སྤྲང་པོའམ་དམན་ས་ཟུངས་ཤིག ། རྩ་བར། ཁྱོད་ནི་འཇིག་རྟེན་ཁམས་ན་དམན། །རང་གི་སྐྱོན་ལ་མ་ཁྲེལ་བར། །བསོད་ནམས་ལྡན་པ་གཞན་དག་ལ། །ཕྲག་དོག་འགྲན་སེམས་འཁྲུལ་ལོ་ཨང་། །ཞེས་རང་ཉིད་ཉོན་མོངས་ཤེད་ཆེ་བ་དད་པ་དང་མོས་གུས་མེད་པ་ལ་མ་ཁྲེལ་བར་གཞན་བསོད་ནམས་ལྡན་པ་ལ་ཕྲག་དོག་འགྲན་སེམས་བྱེད་པ་དེ་འཁྲུལ་པ་ཡིན་ཞེས་གསུངས་སོ། །དེ་ལྟར་ཆོས་བཤད་ཉན་བགྱིས་པའི་དགེ་བ་རྩ་བ་ཐམས་ཅད་ནམ་མཁའ་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུར་བསྔོ་བ་དང་སྨོན་ལམ་མཛད། ཆོས་ཐུན་དེ་ཙམ་གྱིས་མཇུག་བསྡུས།།

བསོད་ནམས་དབང་རྒྱལ་ནས།

20200203_ Monlam Day 2

སྨོན་ལམ་ཉིན་དང་པོའི་གསུང་ཆོས།

 

ཕྱི་ལོ་༢༠༢༠ ཟླ་བ་༢ ཚེས་༢ ཉིན་ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཐོག་སྒྲུབ་བརྒྱུད་བསྟན་པའི་སྣང་བྱེད་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་སྨོན་ལམ་ཆོས་རར་སླར་ཡང་བཞུགས་ཁྲིར་འཁོད་རྗེས། སྨོན་ལམ་སྦྱིན་བདག་རྣམས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་གྲུབ་མཇུག་རིན་པོ་ཆེ་མཆོག་ནས་གསོལ་འདེབས་ཞུས་དོན་ལྟར་ཐོག་མར་སྐྱབས་འགྲོའི་སྡོམ་པ་བཀའ་དྲིན་ལེགས་པར་བསྐྱངས། དེ་རྗེས་གཙང་ཁ་རག་སྒོམ་ཆུང་གིས་མཛད་པའི་བློ་སྦྱོང་ཨང་ཡིག་བདུན་ཅུ་པའི་གསུང་ཆོས་བཀའ་དྲིན་སྩལ་དོན། དེ་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ལ་ཅི་ནས་ཀྱང་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་པར་བགྱིའོ་སྙམ་དུ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་མཛད་ནས་གསན་པར་ཞུ། དེ་ཡང་དེ་རིང་བཀའ་བརྒྱུད་སྨོན་ལམ་ཉིན་དང་པོའི་སྐབས་མ་འགྲིགས་ལྷུན་གྲུབ་རྟེན་འབྲེལ་གྱི་ཚུལ་དུ་བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྨོན་ལམ་དུ་གཟིགས་སྐོར་ལ་ཕེབས་ཡོད། དེ་ལྟ་བུའི་གཟིགས་སྐོར་ལ་ཕེབས་པ་དེ་ཡང་རང་ཅག་༧རྒྱལ་དབང་ཀརྨ་པའི་རྗེས་འཇུག་ཡོངས་ནས་དགའ་བསུ་རྒྱ་ཆེན་པོ་ཞུ་བའི་གནས་རེད། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་ཁ་རག་སྒོམ་ཆུང་གིས་མཛད་པའི་ཨང་ཡིག་བདུན་ཅུ་པ་དེ་རེད། ང་ཚོ་བོད་གངས་ཅན་ལྗོངས་ལ་ཏིང་ངེ་འཛིན་གྱི་སྒོམ་པ་ལྷུར་བླངས་ནས་དཀའ་བ་སྤྱད་མཁན་མཆོག་ཏུ་གྱུར་པ་ནི་རྗེ་བཙུན་མི་ལ་དང་ཁ་རག་སྒོམ་གཉིས་རེད་ཅེས་གསུང་སྒྲོས་ཡོད། དེ་ཡང་ཁ་རག་སྒོམ་ཆུང་ཁོང་གིས་དང་པོ་དགོན་པ་བ་བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་གདམས་ངག་ཟབ་མོ་མང་པོ་ཞུས་ཏེ་ཉམས་ལེན་མཛད། དེའི་རྗེས་སུ་དགོན་པ་བ་སོགས་བླ་མ་འགའ་ཤས་ཀྱི་དྲུང་ནས་ཇོ་བོ་རྗེ་ནས་བརྒྱུད་པའི་བློ་སྦྱོང་གི་མན་ངག་དུ་མ་གསན་ཏེ་ཉམས་ལེན་མཛད། དེ་ལྟ་བུའི་གདམས་པ་ཟབ་མོ་མང་པོ་གཅིག་ཏུ་སྒྲིལ་ནས་ཉམས་ལེན་གྱིས་དཀའ་བ་སྤྱད་དེ་ཉམས་ལེན་མཐར་ཕྱིན་པར་མཛད་པ་རེད། ཉམས་ལེན་གཙོ་བོར་མཛད་པའི་གནས་ཀྱང་ཁ་རག་གཞུ་མཁན་གྱི་བྲག་ཏུ་སྐུ་མཚམས་རིང་དུ་བཞུགས་ནས་ཉམས་ལེན་མཛད་པ་དང་། ཁོང་ལ་སློབ་མ་དུ་མ་བྱུང་ཡོད། དེ་དག་ལས་སློབ་མའི་གཙོ་བོ་པོ་ཏོ་བ་རིན་ཆེན་གསལ་ལ་གདམས་ངག་ཐམས་ཅད་སྩལ་ནས་རིམ་གྱིས་བརྒྱུད་པ་རེད། དེ་ནས་མར་བརྒྱུད་པའི་གདམས་ངག་ཨང་ཡིག་བདུན་ཅུ་དེ་ཡང་ཁོང་གི་གསུང་རེད། ད་ལོ་བཀའ་བརྒྱུད་སྨོན་ལམ་གྱི་སྐབས་སུ་ཨང་ཡིག་བདུན་ཅུ་པའི་སྒོ་ནས་ཆོས་བཤད་བྱ་དགོས་ཞེས་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་ཕེབས་པ་བཞིན་ངོས་ནས་ཀྱང་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། དེ་ཡང་བཤད་པར་བྱ་བ་ལ། ཐོག་མར་གྲུབ་ཐོབ་རྣམ་པས་གང་ཞིག་གསུངས་པ་ཐམས་ཅད་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཤ་སྟག་རེད། བདག་ཅག་གི་སྟོན་པས་གསུངས་པའི་ཆོས་ནི། ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ་སྟེ་ཐོག་མཐའ་བར་གསུམ་དུ་དགེ་བའི་སྒོ་ནས་གསུངས་པ་ཤ་སྟག་ཡིན། དེ་ལ་བརྟེན་ནས་ང་ཚོས་ཆོས་འཆད་པའི་སྐབས་ཀྱང་ཐོག་མཐའ་བར་གསུམ་དུ་དགེ་བའི་སྒོ་ནས་བཤད་དགོས། དེ་ལ་ཐོག་མར་དགེ་བའི་ཚིག་ནི། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་དེ་རེད། སེམས་ཅན་ཐམས་ཅད་ཀྱི་བླ་མ་མཆོག་ཏུ་གྱུར་པ་དེ་བདག་ཅག་གི་སྟོན་པ་རེད། དེ་འདྲ་སོང་ཙང་སྟོན་པ་གཙོ་བོར་མཛད་པའི་དངོས་དང་བརྒྱུད་པའི་བླ་མ་ཡོངས་སུ་རྫོགས་པ་ལ་ཕྱག་འཚལ་བའི་མོས་པ་མཛད་དགོས། དེའི་རྗེས་སུ། བཤེས་གཉེན་ནོར་བུ་རིན་ཆེན་དང་། །ཡི་དམ་ལྷ་དང་དཀོན་མཆོག་གསུམ། །གཙུག་གི་རྒྱན་དུ་བཞུགས་སུ་གསོལ། །གཙུག་གི་རྒྱན་དུ་བཞུགས་ནས་ཀྱང་། །ཁྲེལ་མེད་སེམས་ལ་གཟིགས་སུ་གསོལ། །ཞེས་པ་དེ་ཐོག་མར་རང་ཉིད་ལ་སྡོམ་པ་གནང་མཁན་གྱི་བླ་མ་དང་། དམ་པའི་ཆོས་གསུངས་ནས་ཤེས་རབ་ཀྱི་བསླབ་པ་སྐྱེས་བར་བྱས་པ་སོགས་བསླབ་པ་རིན་པོ་ཆེ་གསུམ་རྒྱུད་ལ་སྐྱེ་བར་བྱེད་པའི་ནོར་བུ་རིན་པོ་ཆེ་དང་ཕྱོགས་མཚུངས་པའི་བླ་མ་དང་། ཡི་དམ་གྱི་ལྷ་འཕགས་པ་སྤྱན་རས་གཟིགས་དང་། ཀུན་ཏུ་བཟང་པོ་ལ་སོགས་དང་དཀོན་མཆོག་རྣམ་པ་གསུམ་པོ་དེ་དག་རང་གི་སྤྱི་བོའི་གཙུག་ཏུ་བཞུགས་ནས་ཉོན་མོངས་པ་དུག་གསུམ་དང་འདྲེས་པའི་ཁྲེལ་མེད་ཀྱི་སེམས་དེ་དག་སྤང་བའི་ཆེད་དུ་མངོན་པར་མཁྱེན་པས་གཟིགས་སུ་གསོལ་བ་རེད། མདོར་ན་ཁ་རག་སྒོམ་ཆུང་གིས་རང་གི་སེམས་དེ་དག་ལ་སྐྱོན་དུ་ཤེས་ནས་སྤང་དགོས་པར་གདམས་པ་རེད། དེ་ནས་དེའི་རྗེས་སུ། ཆོས་མེད་ཟོག་པོ་ཆོས་ཚུལ་མཁན། །ཁྲེལ་མེད་ལོག་རྟོག་བསམ་པ་ལ། །གཉེན་པོའི་སེམས་ཀྱིས་གྲོས་ཤིག་འདེབས། །ཡུན་དུ་ཕན་གྱིས་ཉོན་ཅིག་ཨང་། །རང་ལ་ཡོད་པའི་ཉོན་མོངས་པའི་སེམས་འདི་དམ་པའི་ཆོས་དང་འགལ་བའི་སྡིག་པའི་སེམས་རེད། ཕྱི་ལ་ཆོས་པ་ཡིན་པ་ལྟར་བྱས་ནས་ཟོག་པོའི་ཚུལ་དུ་བསྟན་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་དང་བྱམས་པ་དང་སྙིང་རྗེའི་སེམས་ཏེ་གཉེན་པོའི་སེམས་ཀྱིས་ཕྱིན་ཅི་ལོག་པའི་སེམས་ལ་གྲོས་ཤིག་འདེབས་ཀྱི་ཡིན་གསུངས་པ་རེད། འདིས་གྲོས་ཤིིག་ཡག་པོ་བྱས་ནས་བཏབ་ཐུབ་ན་སྐྱེ་བ་འདི་དང་ཕྱི་མ་དང་ཚེ་རབས་ཐམས་ཅད་དུ་ཕན་ངེས་རེད། དེ་ཡང་། མཚང་ནས་བྲུས་ཤིང་མ་བཏབ་ན། །གླེན་པ་ཁྱོད་ལ་གོ་བ་མེད། །བྱམས་པའི་གདམས་ངག་མ་ཉན་ན། །དམན་པའི་གནས་སུ་ལྟུང་ངོ་ཨང་། །རྣམ་རྟོག་ངན་པ་དེ་དག་མ་བྲུས་པའམ་མ་བཏོན་པ་ཡིན་ན་གླེན་པ་ཁྱེད་ལ་བློ་ངན་དེ་དག་སྐྱོན་དུ་ཤེས་པའི་ཤེས་རབ་མི་འདུག སྐྱོན་ནམ་བློ་ངན་དེ་དག་ཟློག་པ་ལ་བྱམས་པའི་བསླབ་བྱ་རྣམས་ཉན་དགོས། རང་གིས་རང་ལ་མ་ཉན་ན་དམན་པའི་གནས་ཏེ་དམྱལ་བ་དང་དུད་འགྲོ་ལ་སོགས་པའི་གནས་སུ་ལྟུང་ངེས་རེད། རང་གི་སྐྱོན་གྱི་སྟེང་དུ་གཉེན་པོ་དགེ་བའི་སེམས་ཀྱིས་གྲོས་བཏབ་ན་དེ་ལ་ཕན་ཡོན་ཡོད་པ་བསྟན་པ་རེད། དེའི་བར་ཐོག་མར་དགེ་བ་གྲུབ་ཟིན། དེ་ནས་མར་བར་དུ་དགེ་བ་འགོ་ཚུགས་ཀྱི་ཡོད། ཁྱོད་ཀྱི་ད་ལྟའི་སྡུག་བསྔལ་ཀུན། །སྔོན་ཚེ་ལས་ངན་སྤྱད་པས་ལན། །རང་གིས་ཉེས་ཀྱིས་སྡུག་བསྲན་བསྐྱེད། །གཞན་ལ་ཡུས་སུ་མ་ཆེ་ཨང་། །སྤྱིར་སེམས་ཅན་ཐམས་ཅད་འཁོར་བའི་ནང་འཁོར་བའི་སྐབས་དགེ་བ་ཕྲན་བུ་རེ་བསགས་ནས་བདེ་བ་མྱོང་མཁན་ཡོད་ཀྱང་བདེ་བ་མྱོང་བ་དང་མཉམ་དུ་རང་གི་བདེ་བ་དང་བདེ་བའི་རྒྱུ་དགེ་བ་དེ་དག་མེད་པ་བཟོ་བཞིན་ཡོད། དེ་ཡང་སྤྱོད་འཇུག་ལས། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་ཡོད། དེ་བཞིན་དེར་ཡང་། ད་ལྟ་ཁྱེད་རང་ལ་ཡོད་པའི་སྡུག་བསྔལ་དང་མི་བདེ་བ་ཐམས་ཅད་སྐྱེ་བ་སྔོན་མར་མི་དགེ་སྤྱད་པ་ལས་བྱུང་བ་རེད། སྡུག་བསྔལ་ཐམས་ཅད་རང་གིས་བཟོས་པ་ཡིན་ཙང་དེ་ལ་སྡུག་བསྲན་ནམ་བཟོད་པ་སྒོམ་གསུངས་པ་རེད། སྡུག་བསྔལ་དེ་དག་གཞན་ཞིག་གིས་བཟོས་པ་རེད་བསམས་ནས་གཞན་སུ་ལ་ཡང་ཡུས་སུ་དྲང་བར་མི་བྱ་གསུངས། ཞེས་བཀའ་སྩལ།

བསམ་མཐར་ནས་ཕབ།

20200202AM_Monlam Day 1