KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

སྤྱོད་ལམ་རྒྱུགས་བཞེས།

 

ཕྱི་ལོ་ ༢༠༢༠ ཟླ་བ་ ༡ པའི་ཚེས་ ༢༨ ནས་ ༣༠ བར་ཉིན་གསུམ་རིང་། ཕྱི་དྲོ་དུས་ཚོད་བདུན་དང་ཕྱེད་ཐོག་ཡོངས་དགེ་གཏེར་སྒར་དགོན་གྱི་འདུ་ཁང་ནང་སྔ་ལོ་བཞིན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པའི་སྐབས་ཕེབས་པའི་རྒྱ་བལ་འབྲུག་གསུམ་གྱི་དགེ་བཙུན་རྣམས་ཀྱི་སྔོན་འགྲོའི་སྤྱོད་ལམ་རྒྱུགས་བཞེས་སླད། གཟུ་དཔང་མཛད་པོ་གདན་ས་རུམ་བཏེག་བཤད་གྲྭའི་མཁན་པོ་ཀར་བསྟན་དང་། གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་མཁན་པོ་ཐུབ་བསྟན་ཀརྨ། གདན་ས་རིག་པའི་རྡོ་རྗེའི་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ནོར་བུ་རྒྱལ་མཚན། བན་ཆེན་དགོན་གྱི་མཁན་པོ་བསོད་ནམས་འགྱུར་མེད། ཁྲ་འགུ་དགོན་གྱི་མཁན་པོ་ཆོས་རྒྱལ། ཟུར་མང་གི་རྡོ་རྗེ་སློབ་དཔོན་མཁྱེན་རབ་བཅས་རྣམ་པ་དྲུག་གི་གཟིགས་སྐྱོང་འོག་རྒྱན་བབས་ཀྱི་རིམ་པ་བཞིན་ཐོག་མར། འབྲུག་ཉི་ཟླའི་རབ་བརྟན་གླིང་། ཁྲ་འགུ་བཙུན་དགོན། ཏི་ལོ་པུར་ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་། སྐྱེ་དགུའི་བདག་མོ་ཆོས་གླིང་། རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་། ཀརྨ་བསམ་གཏན་གླིང་བཙུན་དགོན། ལེགས་བཤད་གླིང་། བསམ་གྲུབ་དར་རྒྱས་གླིང་། དཔལ་ངེས་དགོན། ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་། འབྲུག་དཔལ་མོ་ཆོས་ཀྱི་ལྡིང་ཁང་། སྒྲོལ་མ་ལེགས་བཤད་འདོད་དགུ་གླིང་། དཔལ་སྤུངས་ཤེས་རབ་གླིང་། ཐེག་ཆེན་ལེགས་བཤད་གླིང་། བན་ཆེན་དགོན། ཁྲ་འགུ་བཀྲ་ཤིས་ཆོས་གླིང་། ར་ལང་དཔལ་ཆེན་ཆོས་གླིང་། དིལ་ཡག་དགོན་། རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་། གནས་མདོ་དགོན། གཏེར་སྒར་འོད་གསལ་གླིང་། དཔལ་སྤུངས་ཡེ་ཤེས་རབ་ རྒྱས་གླིང་། མི་རིགས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་། བཅས་འདི་ལོར་སྤྱོད་ལམ་རྒྱུགས་བཞེས་ལ་ཕེབས་མཁན་དགོན་སྡེ་ཁག་ ཉི་ཤུ་རྩ་བཞི་པོ་རྣམས་མཚན་མོ་དུས་ཚོད་བདུན་པ་ནས་བཅུ་པ་བར་ཉིན་གསུམ་རིང་སྤྱོད་ལམ་རྒྱུགས་བཞེས་ལེགས་པར་བསྐྱངས།
དེ་ཡང་སྡེ་ཚན་རྣམ་པ་ལྔའི་སྒོ་ནས་རྒྱུགས་བཞེས་མཛད་དེ་། སྡེ་ཚན་ལྔ་ནི་ཐོག་མར་ན་བཟའ་མནབ་ཚུལ། གཉིས་པར་ཕྱག་འཚལ་ཚུལ། གསུམ་པར་འགྲོ་འདུག་གཉིས། བཞི་པར་ན་བཟའ་ཇི་ལྟར་ལྟེབ་ཚུལ། ལྔ་པར་གྲངས་དང་དུས་ཏེ་རྣམ་པ་ལྔའི་སྒོ་ནས་རེ་རེ་བཞིན་གོང་གསལ་དགོན་ཁག་རྣམས་ཀྱི་རྒྱུགས་བཞེས་མཛད་དེ། ཐོག་མར་དགེ་སློང་རྣམས་ཀྱི་ཆོས་གོས་རྣམ་གསུམ་མནབ་ཚུལ་དང་ལྟེབ་ཚུལ། གདིང་བ་ཁ་སྒྱུར་ཚུལ། སྐུ་ཕྱག་འབུལ་ཚུལ། གསོལ་ཚིགས་བཞེས་ཚུལ། ཚོགས་སུ་ཕེབས་བཞུགས་མཛད་ཚུལ། དབུ་ཞྭ་མནབ་ཚུལ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆོས་སྐོར་དུ་གདན་འདྲེན་སྐབས་གོམ་སྟབས་དལ་ལྷོད་ཇི་ལྟར་འདོར་ཚུལ་བཅས་ཀྱི་སྤྱོད་ལམ་རྒྱུགས་ བཞེས་ཡོངས་རྫོགས་རིམ་བཞིན་བཞེས། དེ་བཞིན་དགེ་སློང་རྣམས་ཀྱི་རྒྱུགས་བཞེས་གྲུབ་མཚམས་དགེ་ཚུལ་རྣམས་ཀྱི་སྤྱོད་ལམ་ཡང་ དེ་བཞིན་དུ་རེ་རེ་བཞིན་རྒྱུགས་བཞེས་མཛད། དེ་ཡང་དུས་ཡུན་མགྱོགས་བུལ་གྱི་ཚད་གཞི་ཆུ་ཚོད་ཀྱི་དུས་བཀག་ཐོག་གྲ་སྒྲིག་གང་ ལེགས་དང་ཚགས་ཚུད་ཚད་ལྡན་རྣམས་ལ་བཀའ་བརྒྱུད་སྨོན་ལམ་གྱི་ཉིན་མཐའ་མར་བྱ་དགའ་གསོལ་རས་སྩལ་རྒྱུའི་གཏན་འབེབས་ མཛད་པ་ལྟར་སྩལ་རྒྱུ་ཡིན། བསྟན་འཛིན་རྣམ་རྒྱལ་ནས།

20200129PM_Teaching on Meditation

བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས་སྐབས་ཀྱི་རྩོད་གླེང་།

 

བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས་ཉིན་དང་པོའི་ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་གསུམ་པ་བར་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ནས་སྒོམ་ཐུན་གྲོལ་རྗེས་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ཆོས་རྒྱལ་གྱིས་གཙོ་སྐྱོང་གནང་སྟེ་བཀའ་བརྒྱུད་པའི་བཤད་གྲྭ་ཁག་ནས་ཕེབས་པའི་སློབ་གཉེར་བ་ཁག་ཅིག་ནས་སྔགས་པས་ཆང་འཐུང་རུང་ངམ་མི་རུང་ཞེས་པའི་བརྗོད་གཞིའི་ཐོག་རྩོད་གླེང་གནང་། ཉིན་གཉིས་པར་གཏེར་སྒར་འོད་གསལ་གླིང་གི་མཁན་པོ་པདྨ་འོད་ཟེར་གྱིས་གཙོ་སྐྱོང་གནང་སྟེ་བཤད་གྲྭ་ཁག་ནས་ཕེབས་པའི་སློབ་གཉེར་བ་ཁག་གཅིག་ནས་རབ་བྱུང་གིས་ཤ་བཟའ་རུང་ངམ་མི་རུང་ཞེས་པའི་བརྗོད་གཞིའི་ཐོག་ནས་རྩོད་གླེང་གནང་། སྤྱིར་བཏང་རྩོད་གླེང་འདི་འཆད་རྩོད་རྩོམ་གསུམ་ལས་འཆད་པའི་ཁོངས་སུ་གཏོགས་ཀྱང་རྣམ་པ་འདི་ལྟར་གྱི་ཐོག་ནས་འཆད་པ་ནི་འཆད་ཐབས་གསར་པ་ཞིག་རེད། རྩོད་གླེང་བྱེད་ཚུལ་འདི་ཡང་༸རྒྱལ་དབང་མཆོག་གི་ཐུགས་བསྐྱེད་ལས་འཁྲུངས་པ་ཞིག་ཡིན་ཞིང་། ཐོག་མར་ཕྱི་ལོ་༢༠༡༣ལོར་བཀའ་བརྒྱུད་དགུན་ཆོས་སྐབས་རྩོད་གླེང་དགོས་ཚུལ་གྱི་བཀའ་ཕེབས་པ་བཞིན་བཤད་གྲྭ་ཁག་ནས་ཕེབས་པའི་སློབ་གཉེར་བ་བཅུས་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་སུ་ཕྱེས་ཏེ་རྩོད་གླེང་མཛད། རྩོད་གླེང་དེ་ལ་ཡང་ཐོག་མར་བརྗོད་གཞིའི་གླེང་སློང་བ། གཉིས་པ་རྩོད་གླེང་གི་དངོས་གཞི། རྩོད་གླེང་གི་མཇུག་སྡོམ་རྣམ་པ་གསུམ་ཡོད། དང་པོ་བརྗོད་གཞིའི་གླེང་སློང་མཁན་གྱིས་སྐར་མ་བཅུའི་རིང་བརྗོད་གཞི་བཀོད་རྗེས་གཉིས་པ་གསུམ་པ་བཞི་པ་གསུམ་གྱི་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་སྒྲུབ་བྱེད་བཀོད་རྗེས་གཙོ་སྐྱོང་བས་དུས་ཚོད་སྤྲད་པ་བཞིན་དུས་ཚོད་མ་འགྱངས་པའི་ཐོག་ནས་དྲི་བ་དྲིས་ལན་གྱིས་ཐད་ཀར་རྩོད་གླེང་གནང་དགོས་པ་ཞིག་རེད། མཐའ་མས་གོང་གི་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་དགག་སྒྲུབ་བྱས་པ་དེའི་གྲུབ་དོན་ནམ་མཐའ་སྡོམ་རྒྱག་རྒྱུ་ཡིན་པ་རེད། འདི་ཉིད་ཐོག་མར་༢༠༡༣ལོར་དབུ་ཚུགས་པ་ནས་བཟུང་དགུན་ཆོས་དང་སྨོན་ལམ་སྐབས་གཅིག་པུ་མ་ཡིན་པར་དགོན་སྡེ་སོ་སོ་ནས་དུས་དང་དུས་རྩོད་གླེང་རྒྱུན་མ་ཆད་པར་བསྐྱངས་དང་སྐྱོང་མུས་ཡིན། སྤྱིར་རྩོད་གླེང་གི་བརྗོད་གཞི་ལ་ཆོས་འཇིག་རྟེན་གང་ཞིག་བཞག་རུང་འཐུས་ཀྱང་ད་ལྟའི་རྩོད་གླེང་གི་ངོ་བོ་ནི་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ལུང་རྟོགས་ཀྱི་བསྟན་པ་དམ་པའི་ཆོས་ཡིན། རྣམ་པ་བོད་རང་གི་ཐུན་མོང་གི་ཆོས་འཆད་པའི་རྣམ་པ་ལས་ཅུང་མི་འདྲ་བར་འཆད་པའི་ལྗགས་ཀྱི་རྩལ་སྦྱོང་བའམ་རྩལ་ངོམ་པ་ཞིག་ཡིན་ཞིང་དེ་ལ་སྒྲུབ་ཕྱོགས་དང་དགག་ཕྱོགས་གཉིས་ཀས་དགག་བཞག་སྤོང་གསུམ་དང་དྲི་བ་དྲིས་ལན་སོགས་དུས་ཚོད་ཐུང་ཐུང་ནང་འགྲོ་ཐུབ་པ་ཞིག་དགོས།
རྩོད་གླེང་གི་དགོས་པ་ནི། སྔར་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ཉམས་ཆག་ཆེན་པོ་བྱུང་ཞིང་ལོ་མང་གི་རིང་བཤད་པའི་སྡེའམ་བཤད་གྲྭའི་མིང་ཙམ་ཡང་མེད་པར་གྱུར་ན་ཡང་རྒྱལ་མཆོག་བཅུ་དྲུག་པའི་ཐུགས་བསྐྱེད་ཀྱིས་བཤད་སྒྲུབ་ཀྱི་མེ་རོ་སླར་ཡང་གསོས་པར་མཛད། རྒྱལ་མཆོག་བཅུ་བདུན་པས་འགྲོ་མགོན་བཀའ་བརྒྱུད་པའི་བཤད་གྲྭ་ཁག་ལ་སྔར་མེད་ཀྱི་འཆད་རྩོད་རྩོམ་གསུམ་གྲ་རྒྱས་ཕུན་སུམ་ཚོགས་པ་ཡོང་ཕྱིར་མཛད་པ་གང་མང་བསྐྱངས་པ་ལས་འདི་ཡང་འཆད་པའི་རྩལ་རྒྱས་ཆེད་དང་། ལྷག་པར་དུ་བོད་དང་ཧི་མཱ་ལའི་རི་རྒྱུད་ཀྱི་སློབ་གཉེར་བ་རྣམས་མི་མང་གི་དཀྱིལ་དུ་ལངས་ཏེ་གཏམ་བཤད་དང་ནང་ཆོས་ངོ་སྤྲོད་སོགས་བྱེད་དགོས་ཚེ་ངོ་ཚ་དང་དངངས་སྐྲག་མི་སྐྱེ་བར་སྤོབས་པ་དང་སེམས་ཤུགས་འཕར་བ། སྤྱིར་རང་གི་ཤེས་ཚད་ཀྱི་འདངས་ན་ཡང་གཞན་ལ་ངོ་སྤྲད་དགོས་སྐབས་ཞལ་བདེ་པོ་མེད་པ་རྣམས་ངག་རྩལ་ཆེ་བ་འབྱུང་ཕྱིར་དང་། དེང་དུས་ཚན་རིག་པ་རྣམས་དང་ལྷན་དུ་བགྲོ་ན་ཡང་ཐག་ཐོགས་མེད་པ་གོམ་པ་མཉམ་སྤོ་བྱེད་ནུས་པ། སྲོལ་རྒྱུན་གྱི་འཆད་ཐབས་གཅིག་པུས་ཆོག་པ་མི་སེམས་པར་དུས་རབས་དང་མཐུན་པའི་འཆད་ཐབས་ཀྱི་རྩལ་དང་ཉམས་ཕུན་སུམ་ཚོགས་པ་སོགས་ཡོང་བའི་དགོས་ཆེད་ཁྱད་པར་ཅན་དུ་མ་མཆིས།

ལྷ་ཐོག་ཐུབ་སྦྱིན་ནས།

བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས་ཉིན་གཉིས་པའི་ཆོས་ཐུན་གསུམ་པ།

 

སྨོན་ལམ་ཆོས་རར་སྤོས་སྣེས་ཕེབས་བསུ་བཅས་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་བཞུགས་ཁྲིར་བཞུགས་ཤིང་ཆོས་ཐུན་གྱི་སྔོན་འགྲོའི་ཞལ་འདོན་གྲུབ་རྗེས་རིན་པོ་མཆོག་ནས་དེ་རིང་ཆོས་ཁྲིད་དེ་ཞི་གནས་དང་ལྷག་མཐོང་གཉིས་ལས་ལྷག་མཐོང་དང་འབྲེལ་བ་འཁྲིད་རྒྱུ་ཡིན། དེ་ཡང་ཐེག་པ་ཐུན་མོང་གི་ལྷག་མཐོང་སྒོམ་ཁྲིད་བྱ་རྒྱུ་ཡིན། དེ་ཡང་ལུས་སེམས་ཚོར་བ་ཆོས་དྲན་པ་ཉེ་བར་གཞག་པ་བཞི་ཡོད་པ་རེད། དེ་ཡང་སྔ་དྲོ་ཞི་གནས་དང་འབྲེལ་བ་ཞུས་པ་རེད། ཉིན་གུང་ཞལ་ལག་སྐབས་སྒོམ་བསྐྱོན་མཁན་ཇི་ཙམ་ཡོད་མེད་ལ་བཀའ་འདྲེི་མཛད། རྣམ་རྟོག་ལ་སེམས་གཏད་ནས་སྒོམ་སྐབས་མྱོང་བ་གཉིས་ཡོད་ཅིང་། དེ་གཉིས་གང་ཡིན་ན་ཡང་འགྲིག་པ་རེད། སྐུ་དྲང་པོ་སྤྱན་བཙུམས་ཏེ་བཞུགས་རོགས་གནང་། ཞེས་སྐར་མ་ལྔའི་རིང་མཉམ་གཞག་ལ་བཞུགས། མྱོང་བ་གཉིས་ཡོད་པ་དེ་ལས་དང་པོ་རྣམ་རྟོག་དམིགས་བསལ་མ་ཤར་བ། གཉིས་པ་དེ་གློག་བརྙན་ཤར་བ་བཞིན་འདྲ་མིན་ཤར་བ་གཉིས་ཡོད་པས་དེ་གང་ཤར་ནའང་འགྲིག རྣམ་རྟོག་གང་དུ་འགྲོ་འདུག་བསམ་ནས་བལྟ་དུས་ཤར་མ་ཐག་ཏུ་གློག་བརྙན་བཞིན་ཡལ་འགྲོ་བ་ཡོད་རེད་དེ་ལ་བལྟ་ན་ཡང་འགྲིག་གི་ རེད། དགེ་མི་དགེ་བཟང་ངན་གྱི་རྣམ་རྟོག་གང་ཞིག་ཤར་བ་ཡིན་ན་ཡང་དེ་ལ་བལྟ་ན་ཡང་འགྲིག་པ་རེད། དེ་ལས་རིམ་གྱིས་བལྟ་དུས་སེམས་ཀྱི་ངོ་བོ་ངོས་ཟིན་པ་ཞིག་ཡོང་གི་ཡོད་པས། དེ་ལ་བལྟ་དགོས་པ་རེད།
ཕྱག་བརྐྱངས་ཏེ་ཕྱག་མཐིལ་དུ་ཚ་ལུ་མ་རོ་བརྒྱ་ལྡན་པ་ཞིག་ཡོད་པར་བསམ། ཚ་ལུ་མ་པགས་པ་བཤུ་བཞིན་ཟ་གྲབས་ཡོད་པར་བསམ། ད་མིག་གིས་ལྟོས་དང་ཚ་ལུ་མ་ཡོད་མ་རེད། སྒྲ་དེ་ལ་བརྟེན་ནས་ཚ་ལུ་མ་སེམས་ལ་ཤར་བ་དེ་སྒྲ་སྤྱི་དང་དོན་སྤྱིའི་རྣམ་པ་རེད། དེ་ལ་བརྟེན་ནས་ལུས་ལ་ཚོར་བ་ཡོང་བ་། ཁ་ལ་ཟ་འདོད་ཀྱི་ཁ་ཆུ་ཡོང་བ་སོགས་ཆ་ཤས་དུ་མ་ཞིག་ལ་འགྱུར་གྱི་རེད། རྟག་ཆད་རང་དབང་ཅན་གྱི་སྟོང་བ་ཡིན་དུས་ཆ་ཤས་དུ་མ་ཞིག་གིས་གྲུབ་པ་ལས་རྟག་པ་གཅིག་པུ་བ་ཞིག་ཡོད་པ་མ་ཡིན། སེམས་ལ་རྣམ་རྟོག་གང་ཞིག་ཤར་བ་ཡིན་ཡང་ཁྱད་མེད་ཀྱི་དེའི་ཐོག་ཏུ་ཞོག ། རྣམ་རྟོག་མ་ཤར་ན་མ་ཤར་བའི་ཐོག་ཏུ་ཞོག་མཚན་མེད་ཀྱི་སྒོམ་ཞེས་པ་དེ་རེད། ཤར་ན་ཤར་བའི་ཐོག་ཏུ་ཞོག ། སེམས་རང་བབ་ཀྱི་ཐོག་ཏུ་འཇོག་རོགས། རྣམ་རྟོག་ཆ་དུ་མ་ཞིག་ལ་འགྱུར་འགྲོ་བ་ཞིག་མཐོང་ངམ། རྣམ་རྟོག་གི་ཆ་གང་ཞིག་འགྱུར་ན་ཡང་ཁྱད་པར་མེད་པ་དེའི་ཐོག་ཏུ་སྒོམ་གྱི་རྒྱུན་སྐྱོང་རྒྱུ་དེ་སེམས་དྲན་པ་ཉེ་བར་གཞག་པ་རེད།
ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་བར་དུ་རིམ་པར་སེམས་གཏད་དེ་ལྟོས། དེ་རིང་སྒོམ་ཡུན་རིང་བསྐྱོན་དུས་སྐུ་གཟུགས་སྙུན་གྱི་འདུག་དམ། བསྙུན་ན་ཡང་དེ་ལ་སེམས་གཏད་དེ་བཞུགས་རོགས།
ད་ཆོས་དྲན་པ་ཉེ་བར་གཞག་པ་ཞུ་རྒྱུ་ཡིན། ཆོས་གང་ཞིག་ལ་སེམས་གཏད་ན་འགྲིག་གི་རེད། དེ་རིང་སྒྲ་ལ་སེམས་གཏད་དེ་སྒོམ་རྒྱུ་ཡིན། དྲིལ་བུའི་སྒྲ་འདི་ཐོས་ཙམ་བྱས་ནས་དེ་ལ་སེམས་གཏད་དེ་སྒོམ་རོགས། སྒྲ་གང་ཞིག་ཐོས་ན་ཡང་འགྲིག་གི་ཡོད་རེད། སྒྲ་ནས་སྒྲ་གཞན་ལ་སྤོས་ནས་སྒོམ་ན་ཡང་འགྲིག་གི་རེད་སྒྲ་ལ་སེམས་གཏད་དེ་བཞུགས་རོགས། མདུན་དུ་ཡོད་པའི་དངོས་པོ་གང་ཞིག་ཡིན་ན་ཡང་ཁྱད་པར་མེད་པ་དེ་ཤེས་ཙམ་བྱས་ནས་དེ་ལ་སེམས་གཏད་ནས་བཞུགས་རོགས།
ད་གང་འདྲ་བྱུང་ངམ། སྒྲ་དང་གཟུགས་གཉིས་སུ་ལ་སེམས་གཏད་ན་སླ་བ་འདུག འདི་ཁྱད་པར་ཡོད་མ་རེད་འགའ་ཤས་གཟུགས་ལ་སེམས་གཏད་ན་སླ་བ་དང་། འགའ་ཤས་སྒྲ་ལ་སེམས་གཏད་ན་སླ་བ་དེ་འདྲ་ཡོད་རེད་དེ་ཁམས་ཀྱི་ཁྱད་པར་རེད། དེ་ལ་ཁྱད་པར་གང་ཡང་མེད། མི་རྟག་སྡུག་བསྔལ་སྟོང་བདག་མེད་རྟོགས་པའི་ཆེད་དུ་ལུས་སེམས་ཚོར་བ་ཆོས་དྲན་པ་ཉེ་བར་གཞག་རིམ་པར་གསུང་པ་རེད་མ་གཏོགས་ལུས་དང་ཚོར་བ་ཆོས་དྲན་པ་ཉེ་བར་གཞག་འདི་དག་སེམས་དྲན་པ་ཉེ་བར་གཞག་པའི་ཆ་ཤས་རེད། སྤྱིར་བཏང་གི་སེམས་ལྷོད་ལ་ཕབ་སྟེ་དྲན་པ་ཉེ་གཞག་འདི་དག་རིམ་པར་སྒོམ་དགོས་པ་ལས། ཨུ་ཚུགས་ཀྱི་ངར་འཛིན་དང་བདག་འཛིན་ཞི་ཐུབ་ཐབས་མེད། དཔེར་ན་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་ནུབ་ཕྱོགས་པ་ཞིག་ཡོང་ནས་ངའི་ང་དང་བདག་ཅེས་པ་འདི་མེད་པར་བཟོ་ཆེད་ནུབ་ཕྱོགས་ནས་འདིར་ཡོང་བ་ཡིན། དེ་རིང་ནས་ངས་ང་དང་བདག་ཅེས་པ་འདི་སེམས་ནས་མི་འཛིན་ངག་ནས་མི་བརྗོད་ཅེས་པའི་དམ་བཅའ་ཞིག་འཇོག་གི་ཡིན་ཆོག་གི་རེད་དམ་ཞེས་ཞུས་པས། རིན་པོ་ཆེས་ང་དང་བདག་ཅེས་པ་དེ་དྲན་པ་དང་ཤེས་རབ་ཀྱི་རིམ་པར་ཤུགས་ཆུང་དུ་གཏོང་བ་ལས་ཨུ་ཚུགས་ཀྱི་མེད་པ་བཟོ་ཐུབ་པ་ཞིག་མ་རེད། ཁྱེད་རང་གིས་ཚུགས་བྱས་ཀྱང་ཡོང་ཐབས་ཡོད་མ་རེད་ཅེས་གསུངས་སོང། འོན་ཀྱང་ཁོས་མ་ཉན་ནས་ཨུ་ཚུགས་བྱས་ཏེ་མཐའ་མ་སེམས་ཐང་ཐང་མེད་པར་གྱུར་འདུག དེ་ལྟར་མ་ཡིན་པར་སེམས་ལྷོད་ལ་ཕབ་སྟེ་རྣམ་རྟོག་གང་ཞིག་ཤར་བ་ཡིན་ན་ཡང་དེའི་ངོ་བོ་ངོས་ཟིན་པའམ་དྲན་པས་ཟིན་པའི་ཐོག་ནས་སྒོམ་པ་ཡིན་ན་ཉོན་མོངས་དང་རྣམ་རྟོག་སྒོམ་གྱི་གྲོགས་སུ་འགྱུར་ཏེ་ཉོན་མོངས་རིམ་གྱིས་འགྲིབ། རྣམ་རྟོག་ཤར་རྒྱུ་ཉུང་དུ་ཕྱིན་ནས་སེམས་བཏང་འགྲོ་བཞག་སྡོད་ལ་རང་དབང་ཐོབ་ནས་ཐེག་པ་ཐུན་མོང་གིས་བཤད་པའི་རྟག་ཆད་རང་དབང་ཅན་གྱི་བདག་ལ་སོགས་པ་མེད་པར་རྟོགས་ནས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཡོང་གི་ཡོད། དེ་ཡིན་དུས་རྣམ་རྟོག་ཤར་ལ་མ་ཤར་གང་ཡིན་ན་ཡང་དགག་སྒྲུབ་མེད་པར་དེའི་ངོ་བོ་ངོས་ཟིན་པའམ་དྲན་པས་ཟིན་པའི་ཐོག་ནས་སྒོམ་བསྐྱོན་རྒྱུ་གལ་ཆེན་པོ་རེད། དེ་རིང་ཆོས་མཚམས་དེ་ཙམ་དུ་འཇོག་རྒྱུ་ཡིན། དེ་རིང་གི་ཆོས་འཆད་ཉན་བགྱིས་པའི་དགེ་བའི་རྩ་བ་གང་ཡོད་པ་དེ་དག་ཐམས་སྤྱིར་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ་དང་། ཡང་དགོས་འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་བསྔོ་རྒྱུ་ཡིན་སྙམ་པའི་ཐོག་ནས་བསྔོ་བ་དང་སྨོན་ལམ་མཉམ་དུ་གནང་རོགས།
སྤྱིར་བཏང་གི་རིན་པོ་མཆོག་གིས་སྒོམ་ཁྲིད་ནི་ལྟ་སྒོམ་སྤྱོད་གསུམ་ཆ་ཚང་དང་སྦྱར་ནས་གསུང་གི་ཡོད་ཅིང་སྒོམ་པ་ཉམས་མྱོང་དང་འབྲེལ་བའི་ཐོག་ནས་ཁ་གསལ་ཞིང་གོ་སླ་བ་ཟབ་ཅིང་རྒྱས་མ་དྲགས་བསྡུས་ཤིང་ཉུང་མ་དྲགས། སྒོམ་ཤེས་ཤིང་ཉམས་མྱོང་ཕུན་སུམ་ཚོགས་ཡོད་མཁན་རྐྱང་པ་ལ་གསུང་བ་ལྟ་བུ་ཡང་མ་ཡིན་པ། ལས་དང་པོ་པ་ཅི་ཡང་མི་ཤེས་མཁན་རྐྱང་པ་ལ་གསུང་བ་ལྟ་བུ་མ་ཡིན་པར་མཁས་བླུན་སུ་ཞིག་གིས་ཉན་ན་ཡང་གོ་བདེ་ལ་ཉམས་སུ་ལེན་སྟབས་བདེ་བ། དྲན་པ་ཉེ་བར་གཞག་པ་བཞིའི་ཐོག་ནས་ལྟ་སྒོམ་སྤྱོད་གསུམ་ངོ་སྤྲད་མཛད་ཅིང་། ལྟ་བ་དེ་ཡང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནས་བཟུང་ཐེག་པ་གོང་འོག་གི་གང་ཟག་དང་ཆོས་ཀྱི་བདག་མེད་པའི་ལྟ་བ་དང་ཟབ་མོ་སྟོང་པ་ཉིད་དང་འབྲེལ་བ། སྒོམ་པ་དེ་ཡང་འཇིག་རྟེན་པའི་ཞི་ལྷག་ནས་འཇིག་རྟེན་ལས་འདས་པའི་ཞི་ལྷག་གང་ལ་སྦྲེལ་ན་ཡང་ལས་སླ་ཞིང་རྒྱུད་ལ་འབྱོར་བ། སྤྱོད་པ་བླང་དོར་དང་འབྲེལ་བ་ཞེས་པ་བཞིན་རེ་དོགས་སྤངས་བླང་དགག་སྒྲུབ་གང་ཞིག་གི་ཆ་ནས་ཡིན་ཡང་རྨོངས་འཐོམ་ལས་སེལ་ བའི་ཁྱད་ཆོས་ལྡན་པའི་ནོར་བུ་རིན་ཆེན་ལྟ་བུ་སྩལ་ཀྱང་འདིར་སྙིང་བསྡུས་སམ་ཡང་ན་ཟུར་ཙམ་ཞིག་བསྡུས་ཏེ་འབྲི་མཁན་ནི་ལྷ་ཐོག་ཐུབ་སྦྱིན་ནོ། །

20200129PM_Teaching on Medition

༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་གིས་སྩལ་བའི་ཉིན་གཉིས་པའི་སྒོམ་ཁྲིད་ཆོས་ཐུན་གཉིས་པ།

 

ཐུན་མཚམས་སྐབས་ཉམས་ལེན་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་ཏེ། དམིགས་པ་ལ་སེམས་གཏད་རྒྱུ་ཡུན་ཐུང་ལ་གྲངས་མང་བ་ཡིན་པས། ཆུ་ཐིགས་གསོག་པ་བཞིན་ཚོར་བ་དྲན་པ་ཉེ་བར་གཞག་སྐབས། ཚོར་བའི་རང་བཞིན་མ་ཤེས་པར་ཚོར་བ་དེ་རྟག་གཅིག་རང་དབང་ཅན་དུ་བལྟ་བ་དེ། འཛིན་པ་དང་བཅས་པའི་ཚོར་བ་ཡིན་པས། དེ་སྡུག་བསྔལ་གྱི་རང་བཞིན་ཡིན། ཚོར་བ་བདེ་བ་དེ་འགྱུར་བའི་སྡུག་བསྔལ་གྱི་རང་བཞིན། ཚོར་བ་སྡུག་བསྔལ་དེ་སྡུག་བསྔལ་གྱི་སྡུག་བསྔལ་གྱི་རང་བཞིན། ཚོར་བ་བཏང་སྙོམས་དེ་ཁྱབ་པ་འདུ་བྱེད་ཀྱི་རང་བཞིན་ནོ། དེས་ན་འཛིན་པ་དང་བཅས་པའི་ཚོར་བ་བདེ་བ་དེ་ཐོབ་པར་འདོད་ནས་སྒྲུབ་པ་ཡིན་ན། སྡུག་བསྔལ་གྱི་རང་བཞིན་ཡིན་སྟབས། བ་ཚའི་ཆུ་འཐུང་བ་བཞིན། ངོམས་རྒྱུ་མེད། ཚོར་བ་སྔ་མ་གཉིས་ནི་གོ་སླ། ཕྱི་མ་ཚོར་བ་བཏང་སྙོམས་ནི། སྤྱི་གཙུག་ནས་རྐང་མཐིལ་བར་ཁྱབ་པའི་ཚོར་བ་ཕྲ་མོ་དེའོ། ཚོར་བ་དེ་སྔུག་བསྔལ་ཇི་ལྟར་ཡིན་ཞེ་ན། ཚོར་བ་དེ་ཁོང་དུ་ཡོད་པས། དེའི་རྐྱེན་བྱས་ཏེ། རེ་དོགས་དང་སྤང་བླང་གི་འདོད་པ་སོགས་མ་ཚིམས་པའི་བློ་བྱུང་བས་སོ།
གཉིས་པ་སེམས་དྲན་པ་ཉེ་བར་གཞག་པ་ནི། རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་དྲན་པ་ཉེ་བར་གཞག་དགོས། དེ་མུ་སྟེགས་པ་དང་ཐུན་མོང་མ་ཡིན་པ་ཡིན་ཚུལ་ནི། ཡུལ་གྱི་གནས་ལུགས་དང་མཐུན་པ་རེ་དོགས་མེད་པའི་སྒོ་ནས་སེམས་གཏད་པའི་དྲན་པ་དེ། བདག་མེད་རྟོགས་པའི་ཤེས་རབ་ཀྱི་ངོ་བོར་བསྐྱེད་དེ་ཐར་པ་ཐོབ་པར་འགྱུར་བ་དེའོ། སེམས་དྲན་པ་ཉེ་བར་གཞག་པའི་ཉམས་ལེན་སྐབས་རྣམ་རྟོག་ལ་སེམས་མ་གཡེངས་བར་ལྟ་དགོས། དེ་ཡང་རྡོ་རྗེ་འཆང་ཐུང་མ་ལས། ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོགས་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱ་བློ་དང་བྲལ་བར་བྱིན་གྱིས་རློབས། །ཞེས། རྣམ་རྟོག་ལ་མ་ཡེངས་པར་བལྟ་སྐབས་ཉམས་མྱོང་གཉིས་འབྱུང་གི་ཡོད། རྣམ་རྟོག་ཡལ་འགྲོ་བ་དང་། རྣམ་རྟོག་ཤར་བ། དང་པོ་དེ་བཟང་པོ་ཡིན། རྟོག་མེད་དམ་དམིགས་པ་མེད་པར་འགྱུར་བའི་རྟགས་སོ། གཉིས་པ་དེ་བྱུང་ན་མ་བཅོས་པར་དེའི་ངང་ལ་བཞག་དགོས། ཞེས་གསུངས་སོ།། བསོད་ནམས་དབང་རྒྱལ་ནས།

20200129AM_Teaching on Meditation

༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེའི་སྒོམ་ཁྲིད། ཉིན་གཉིས་པའི་སྒོམ་ཁྲིད་ཆོས་ཐུན་དང་པོ།

 

ཁ་སང་ཞི་གནས་ཀྱི་སྐོར་ལ་སྦྱོར་དངོས་རྗེས་གསུམ་གྱིས་སྒོ་ནས་མདོར་བསྡུས་ཙམ་ཞུས་པ་ཡིན། དེ་ཡང་དངོས་གཞིའི་སྐབས་མངོན་པ་མཛོད་ནས་གསུངས་པ་ལྟར་དབུགས་ཀྱི་རྒྱུ་བ་ལ་བརྟེན་ནས་ཞི་གནས་སྒོམ་ཚུལ་ཞུས་པ་ཡིན། སྤྱིར་བཏང་དྲན་པ་ཉེ་བར་གཞག་པ་ཞེས་བརྗོད་པའི་དུས་སེམས་ཡུལ་གྱི་སྟེང་དུ་བཟང་ངན་དང་མཐོ་དམན་སོགས་ཀྱིས་བཟོ་བཅོས་མེད་པར་རང་སོར་བཞག་སྟེ་ཤེས་རབ་དང་འབྲེལ་ཏེ་སྒོམ་པ་ལ་དྲན་པ་ཉེ་བར་གཞག་པ་ཟེར། ཁ་སང་ཞུས་པ་བཞིན་རྣམ་རྟོག་ཇི་ཙམ་བཀག་ན་ཡང་དེ་ཙམ་གྱིས་ཇེ་མང་དུ་འགྲོ་བ་དང་། དེ་བཞིན་རྣམ་རྟོག་གི་རྗེས་སུ་འཇུག་ན་སེམས་རབ་ཏུ་རྒོད་བཞིན་ཡོད། དེས་ན་དེ་གཉིས་གང་ཡང་མེད་པར་དབུགས་འབྱུང་རྔུབ་ལ་སེམས་གཏད་དེ་སེམས་རང་བབ་ཏུ་བཞག་དགོས། དེ་རིང་ལྷག་མཐོང་གི་སྐོར་ཞུ་རྒྱུ་ཡིན། ལྷག་མཐོང་ལ་ཡང་མང་པོ་ཡོད་པས་ད་ལྟ་ཞུ་བྱ་གཙོ་བོ་དེ་ཉན་ཐོས་ཐེག་པ་ཐུན་མོང་གི་ལྷག་མཐོང་སྟེ་མི་རྟག་པ་སྒོམ་པ་གཞི་ལ་གཞག་སྟེ་དབུགས་ཀྱི་སྟེང་དུ་སེམས་གཏད་རྒྱུ་དེ་རེད། དེ་ཡང་ཐེག་པ་དམན་པས་མི་རྟག་པ་སྒོམ་ཚུལ་ཡང་རབ་འབྱམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྟག་བརྟན་དུ་མི་གནས་པར་རང་བཞིན་གྱིས་འཇིག་པའི་ཆོས་ཅན་དུ་དམིགས་ནས་སྒོམ་པ་དང་། དེ་བཞིན་དུ་དབུགས་ཀྱི་རྒྱུ་བ་དེ་ཡང་སྐད་ཅིག་གིས་མི་གནས་པར་འཇིག་པའི་ཆོས་ཅན་ལ་སེམས་གཏད་དེ་སྒོམ་པ་ནི་ཉན་ཐོས་ཐེག་པ་ཐུན་མོང་གི་ལྷག་མཐོང་སྒོམ་ཚུལ་ཡིན། དེ་ལྟ་བུའི་དབུགས་འབྱུང་རྔུབ་གང་ཞིག་བྱས་ཀྱང་སྐད་ཅིག་གི་འཇིག་པའི་རང་བཞིན་ལ་སེམས་གཏད་དེ་བཞག་དགོས། དེ་དང་མཉམ་དུ་ང་ཚོའི་གློ་བ་ཡང་ཆེ་ཆུང་དུ་འགྲོ་བཞིན་ཡོད་པ་དེ་ལ་ཡང་སེམས་གཏད། མདོར་ན་ལུས་ཀྱི་ནང་ཁྲོལ་དང་ཡན་ལག་ཐམས་ཅད་ལ་རླུང་གིས་ཁྱབ་ཅིང་། རླུང་དེ་ཡང་སྐད་ཅིག་གིས་འཇིག་པའི་ཆོས་ཅན་ཕྲ་བའི་མི་རྟག་པ་ལ་སེམས་གཏད་དེ་བཞག་དགོས། དེ་ཡང་མི་རྟག་པ་ལ་སེམས་གཏད་དེ་སྒོམ་པའི་སྐབས་རྣམ་རྟོག་འདྲ་མིན་སྣ་ཚོགས་པ་ཡོང་ཡང་ཁྱད་པར་མེད། མི་རྟག་དེ་སེམས་ལ་དྲན་པ་ཙམ་གྱིས་དགེ་ཕན་ཆེན་པོ་ཡོད་པ་ནི་བདག་ཅག་གི་སྟོན་པ་བླ་ན་མེད་པས་གསུངས་ཡོད། མི་རྟག་དེ་ལ་བློ་རིམ་གྱིས་སྒོམ་པས་ཆགས་སྡང་གི་རྟོག་པ་ཡང་རིམ་གྱིས་ཞི་ནས་བློ་དེ་ཡང་དག་ཏུ་འགྲོ་བཞིན་ཡོད། མི་རྟག་པ་དེ་ལ་ཡང་རགས་པ་རྒྱུན་གྱི་མི་རྟག་པ་དང་ཕྲ་བ་སྐད་ཅིག་མའི་མི་རྟག་གཉིས་ཡོད། དེ་གཉིས་ཀ་ལ་སེམས་གཏད་དེ་ཡང་དག་པར་སྒོམ་པ་འདི་ཉན་ཐོས་ཐེག་པའི་ཐུན་མོང་གི་ལྷག་མཐོང་སྒོམ་ཚུལ་རེད། དེ་བཞིན་དུ་བདེན་གཉིས་ལ་དམིགས་ནས་ལྷག་མཐོང་སྒོམ་ཚུལ་ཡང་ཡོད། མངོན་པར་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་པ་བཞིན་བདེན་པ་གཉིས་ལ་དམིགས་ནས་ལྷག་མཐོང་སྒོམ་ཚུལ་ཡང་ཡོད།
ད་ཚོར་བ་དྲན་པ་ཉེ་བར་གཞག་པ་སྒོམ་རྒྱུ་ཡིན། ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་ཡང་རང་དང་སྤྱིིའི་མཚན་ཉིད་ཀྱི་སྒོ་ནས་སྒོམ་ཚུལ་གཉིས་ཡོད། སྤྱིར་བཏང་ཚོར་བ་ཞེས་པ་འདི་ང་ཚོའི་ལུས་ལ་ཡོད་པའི་ཚོར་བ་བདེ་སྡུག་བཏང་སྙོམས་དང་བཟང་ངན་བར་མ་གསུམ་སོགས་ལ་གོ་དགོས། ཚོར་བ་དེ་དག་ལ་སེམས་མ་གཡེངས་པར་དྲན་པ་གཏད་དེ་གནས་པ་ལ་ཚོར་བ་དྲན་པ་ཉེ་བར་གཞག་པ་ཡིན། དེ་བཞིན་ཡུལ་ལ་ཇི་ལྟར་ཡོད་པ་དེ་དག་ལ་སེམས་མ་གཡེངས་པར་རྣམ་པར་བཞག་པ་ལ་དྲན་པ་ཉེ་བར་གཞག་པ་ཟེར། ནམ་རྒྱུན་ང་ཚོའི་རྒྱུད་ལ་ཚོར་བ་ཤུགས་ཆེན་པོ་ཡོད། ཚོར་བ་དེ་ལ་བརྟེན་ནས་ཆགས་སྡང་གི་བློ་ཡང་ཤུགས་ཆེན་པོ་སྐྱེས་ཀྱི་ཡོད། དཔེར་ན་རྣ་བས་སྒྲ་བཟང་ངན་ཐོས་པ་དང་། མིག་གིས་གཟུགས་ལེགས་ཉེས་མཐོང་བའི་ཚེ་སེམས་ནང་ཚོར་བ་རྣོན་པོ་ཧ་ཅང་ཡོང་བཞིན་ཡོད། དེ་ལྟ་བུའི་ཚོར་བ་བཟང་ངན་ལ་སེམས་མ་གཏད་པར་དྲན་པ་དང་ཤེས་རབ་ཀྱི་ངོར་སྐྱེས་ནས་ཚོར་བ་ལ་སེམས་གཏད་ནས་སྒོམ་པ་ལ་ཚོར་བ་དྲན་ཉེ་བར་གཞག་པ་ཟེར། ད་ལྟའི་ཆོས་ཐུན་འདི་དེར་གཞག་རྒྱུ་ཡིན། ཆོས་ཐུན་སྐབས་དེ་བཞིན་ཉམས་ལེན་ལེགས་པར་གནང་རོགས།

བསམ་མཐར་ནས་ཕབ།

20200129AM_Teaching on Meditation