KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

བཙུན་མ་རྣམས་ཀྱི་འཕྲོད་བསྟེན་ཞབས་ཞུའི་སྦྱོང་བརྡར་ལོ་བཞི་པ།

ས་གནས། སྒར་ཆེན་བསྟི་གནས་ཁང།
དུས་ཚོད། ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༢༧ ཉིན།

འཕྲོད་བསྟེན་ཞབས་ཞུའི་སྦྱོང་བརྡར་ལས་རིམ་འདི་ཉིད་འཕགས་མ་བདེ་ཆོས་མའི་དགུན་ཆོས་སྐབས་གཉིས་པར་ དབུ་འཛུགས་ཞུས་ཞིང་། ལོ་ཤས་ནར་ལུས་ཀྱིས་འདི་ལོ་སླར་ཡང་མཇུག་མཐུད་ཞུས། དེ་ཡང་རྒྱ་གར་ནས་ར་ལང་ དང་ཏི་ལོ་ཕུག་གི་བཙུན་དགོན་གཉིས་དང་། བལ་ཡུལ་ནས་ཀརྨ་ལེགས་བཤད་གླིང་། ཏཱ་རཱ་ཨ་བྷེ། འོད་གསལ་ཀརྨ་ ཐེག་མཆོག་གླིང་། བསམ་གཏན་གླིང་བཅས་བཙུན་དགོན་བཞི་སྟེ་ཡོངས་བསྡོམས་བཙུན་དགོན་ཁག་དྲུག་ནས་བཙུན་ མ་སུམ་ཅུ་ལ་ཉེ་བ་འཕྲོད་བསྟེན་ཞབས་ཞུའི་སྦྱོང་བརྡར་གྱི་ལས་རིམ་འདིར་ཞུགས་ཡོད།

འཆར་འགོད་ལས་གཞི་འདི་ཉིད་ཐེ་ཝན་ནས་ཡིན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ སྐུ་ཞབས་ Dr Jeffrey Chen དང་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་རྣམ་གཉིས་ཐུན་མོང་ནས་ནས་གོ་སྒྲིག་མཛད་ པ་ཞིག་ཡིན། ཐེ་ཝན་གྱི་འཕྲོད་བསྟེན་ཚོགས་པ་གང་ཞིག་གི་དམིགས་ཡུལ་༼ང་ཚོས་ལས་དོན་དེ་ཉིད་བྱམས་བརྩེའི་ ཕྱིར་བྱེད།༽ཅེས་པ་དེ་ཉིད་ནས་ལས་དོན་དེ་ཉིད་ཐོག་མར་རྡོར་གདན་དུ་མཆིས་པའི་ཕྱི་རྒྱལ་མི་རིགས་ཀྱི་ནང་ཆོས་ སློབ་ཡུལ་བསྟི་གནས་ཁང་ (Root Institute) ཞེས་པ་དེ་ཉིད་དུ་སློབ་སྟོན་ཞུས་པ་དང་། དེ་བཞིན་བྷང་ལ་དེཤ་ནང་མཆིས་པའི་ནང་པའི་དགོན་སྡེ་ཞིག་དང་། གཞན་ཡང་ཚོགས་པ་དེ་ཉིད་ཀྱི་ལས་འགུལ་ བལ་ཡུལ་དང་།ཏུར་ཀིསྠན། ནུབ་ཨཕ་རི་ཀ་བཅས་སུའང་སྤེལ་བཞིན་ཡོད། ལྷ་རྗེ་ཅེན་མཚན་ལྡན་གྱིས་གྲོང་གསེབ་ ས་ཁུལ་གྱི་ནང་འཕྲོད་བསྟེན་ཞབས་ཞུའི་སྦྱོང་བརྡར་ལས་རིམ་འདི་ཉིད་གོང་འཕེལ་དུ་གཏོང་འདུན་ཡོད་ཅིང་། དེ་བཞིན་དགོན་སྡེ་ཁག་དང་བཙུན་དགོན་ནང་དུའང་གོང་འཕེལ་གཏོང་འདུན་མཆིས་སྟབས་དཔལ་༸རྒྱལ་དབང་ ཀརྨ་པ་མཆོག་ནས་ཀྱང་རབ་བྱུང་བཙུན་པ་དང་བཙུན་མ་རྣམས་ཀྱི་འཕྲོད་བསྟེན་དང་འཕྲོད་བསྟེན་དོ་སྐུལ་གོང་འཕེལ་ གྱི་ཐབས་ལམ་མཛད་བཞིན་པར་ཆར་པ་ཆུ་གྲོགས་ལྟ་བུའི་དཔལ་དུ་གྱུར་ཏེ་མཉམ་ལས་ཀྱིས་ཧི་མཱ་ལ་ཡའི་ས་ཁུལ་ རྣམས་ལའང་འཕྲོད་བསྟེན་དོ་སྐུལ་སྦྱོང་བརྡར་ལས་གཞིའི་ལས་འགུལ་སྤེལ་རྒྱུ་བྱུང་བ་ལྟར་དགེ་འདུན་རྣམས་ལ་སྦྱོང་ བརྡར་ཟུར་དུ་ཐོབ་བཞིན་པ་དང་། བཙུན་མ་རྣམས་ལ་འཕྲོད་བསྟེན་གྱི་སྦྱོང་བརྡར་སྤེལ་བའི་དུས་ཡུན་ནི་བཙུན་མའི་ དགུན་ཆོས་སྐབས་འཚམ་ཤོས་ཡིན་པ་ཙམ་མ་ཟད་ཁོར་ཡུག་བདེ་ཞིང་དམིགས་བསལ་འགྲོ་བསྐྱོད་མི་དགོས་པར་ སྟབས་ཅིག་དོན་གཉིས་བྱུང་ཚེ་ལེགས་ཚུལ་གྱི་ལམ་སྟོན་བཀའ་སློབ་ཕེབས་པ་ལྟར་དུས་ཡུན་དེ་ཉིད་དུ་གཏན་ཁེལ་ཞུས།

ལོ་འདིར་ཁོང་ཚོའི་སློབ་ཚན་རྣམས་འཕྲོད་བསྟེན་གྱི་ལས་རིམ་ལ་བྱང་ཆུབ་པའི་སྐྱེས་ཕོ་མོ་དགུ་ནས་དམིགས་ བསལ་ལམ་སྟོན་བགྱིས་ཤིང་། དེ་བཞིན་འཕྲོད་བསྟེན་ཡོ་བྱད་རྣམས་ཀྱང་སྔ་ལོ་ལས་ཆེས་ཡར་ཐོན་ཅན་དུ་གྱུར་ ཡོད་པ་མ་ཟད་སྨན་བཅོས་ཀྱི་རིགས་པའི་གཞུང་ལུགས་ཀྱང་རྣམ་གྲངས་མང་ལ་གོམས་རྩལ་ཆེ་བ་ཡོད། འོན་ཀྱང་ བཙུན་མ་རྣམས་ལ་ཐོག་མའི་རྨང་གཞིའི་ལམ་སྟོན་དང་མཁོ་གལ་ཆེ་བ་རྣམས་གསལ་བཤད་སྤེལ། དེ་ཡང་སྐྱེ་བོ་ གང་ཞིག་ལ་གློ་བུར་རྨས་རྨ་སོགས་བྱུང་ཚེ་ཁྲག་རྒྱུན་འགོག་ཐབས་དང་། ཁྲག་གི་འཐོན་ཚབས་ཉུང་དུ་གཏོང་ཚུལ་གྱི་ ཐབས་ལམ། དེ་བཞིན་རྐང་ལག་འཆུས་པ་དང་རུས་ཆག་སོགས་བྱུང་ཚེ་ཆག་སྦྱོར་གྱི་ཐབས་ལམ་ཇི་ལྟར་བྱ་ཕྱོགས་ སྐོར་དང་། རྨ་དཀྲིས་ཇི་ལྟར་རྒྱབ་ཚུལ། རྨས་སྐྱོན་དང་རུས་ཆག་བྱུང་བ་རྣམས་ལ་རུས་ཟུག་ཆུང་ཕྱིར་རྐང་ལག་ཇི་ལྟར་ དཔྱང་སྟེ་འཇོག་ཚུལ་སོགས་ལམ་སྟོན་བགྱིས་ཡོད།

དེ་བཞིན་བཙུན་མ་རྣམས་ནས་བུད་མེད་དང་འབྲེལ་བའི་ནད་གཞིའི་ལམ་སྟོན་གྱི་སློབ་ཚན་ཚོགས་ཡུན་ལའང་ལྷག་བསམ་ རྣམ་དག་གིས་སྦྱོང་བརྡར་གྱི་གོ་སྐབས་ལྷུག་པོར་བླངས་ཤིང་། དེ་ཉིད་ཀྱིས་རྐྱེན་པས་འབྱུང་འགྱུར་མོ་ནད་ཀྱིས་མནར་ བའི་བཙུན་མ་རྣམས་ལའང་དམིགས་བསལ་ཞབས་ཞུའི་ཕན་ཐོགས་རླབས་ཆེ་སྒྲུབ་ནུས།འདི་ལོ་བཙུན་མ་ཉེར་བརྒྱད་ནས་ འཕྲོད་བསྟེན་ཞབས་ཞུའི་སྦྱོང་བརྡར་གྱི་དགོས་མཁོའི་སློབ་ཚན་རྣམས་གང་ལེགས་གྲུབ་ཅིང་། དེ་ལྟར་གྲུབ་པའི་འབྲས་ རྟགས་སུ་ཁོང་རྣམ་པར་༸སྐྱབས་རྗེ་གོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེའི་ཕྱག་ནས་གྲུབ་འབྲས་ཕྱག་འཁྱེར་སྩལ།

 

20190127 Health Worker Training

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པའི་མར་མེ་སྨོན་ལམ།

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༡ སྲོད་ཀྱི་དུས་ཚོད་བདུན་དང་ཕྱེད་ཐོག་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག། །མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་མཆོག་གི་དབུས་པའི་མཆོག་གི་སྤྲུལ་པའི་སྐུ་རྣམ་པ། བསླབ་གསུམ་ལུང་རྟོགས་དཔལ་གྱིས་བརྒྱན་པའི་མཁན་སློབ་རྣམ་པ། ངུར་སྨྲིག་ན་བཟས་བརྒྱན་པའི་དགེ་བཙུན་འདུས་པ་རྒྱ་མཚོ། ས་གནས་རྫོང་ཁག་གསུམ་གྱི་རྫོང་དཔོན་ལྕམ་ནེ་གི་མཆོག ། རྡོར་གདན་མཆོད་རྟེན་འཛིན་སྐྱོང་ཚོགས་པའི་འགན་འཛིན་དང་དྲུང་ཆེ་སྣང་མཛད་རྡོ་རྗེ་ལགས། བཀའ་བརྒྱུད་སྤྱི་འཐུས་ཀརྨ་བསོད་སྟོབས་ལགས། རྡོར་གདན་ཉེ་འཁོར་དུ་ཆགས་པའི་རིས་མེད་དགོན་སྡེ་ཁག་གི་འགན་འཛིན་རྣམ་པ། ཤར་ནུབ་ཡུལ་གྲུ་ཁག་དང་། བལ་པོའི་ཡུལ་ནས་ཆེད་དུ་ཕེབས་པའི་དད་ལྡན་ལྷག་བློ་མཆོག་ཏུ་དགེ་བའི་ཁྱིམ་པ་ཕོ་མོ་བཅས་འདུས་པ་སྟོང་ཚོ་ལྔ་ལ་ཉེ་བར་འཛོམས་ཤིང་། དེ་དག་ཡོངས་ལ་འདྲེན་བྱེད་ཀྱི་དགའ་སྟོན་ཡིད་དུ་འོང་བའི་གཟིགས་མོ་དང་འབྲེལ་བཀའ་བརྒྱུད་སྨོན་ལམ་སྐབས་སོ་དྲུག་པའི་མཐའ་ མར་དགེ་བ་མར་མེའི་སྨོན་ལམ་གྱི་མཆོད་སྤྲིན་མཛད་སྒོ་དབུ་འཛུགས་མ་ཞུས་པའི་སྔོན་དུ་ཐོག་མར། ༡) ༸རྒྱལ་དབང་མཆོག་གི་དམིགས་བསལ་བཀའ་སློབ་ཡིད་འགུལ་ཐེབས་པ་སྩལ་བ་དང་། དེ་རྟིང་འདུས་པ་ཡོངས་ལ་གཟིགས་འབུལ་གྱི་རིམ་པ་གཤམ་གསལ་ལྟར།
༢) དཀོན་མཆོག་གསུམ་གྱི་དབྱངས།
འབྲུག་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་བཙུན་མ་རྣམས་ནས་དཀོན་མཆོག་གསུམ་གྱི་བསྟོད་དབྱངས། ཞེས་པ་གཟིགས་འབུལ་ཞུས།
༣) སྤྱན་རས་གཟིགས་འགྲོ་དོན་མཁའ་ཁྱབ་མ།
སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྙིང་རྗེ་དང་ཤེས་རབ་ཟུང་དུ་འགྲོགས་པས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སྤྱད། བྱང་ཆུབ་སེམས་དཔར་གྱུར་པ་ནའང་སྙིང་རྗེའི་དབང་ཕྱུག་ཏུ་གྲགས་པ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཞུགས་ན། ནུས་མཐུ་ཁྱད་པར་དུ་འཕགས་པ་ཐོབ་པ་ནི། ལུགས་ཀྱི་བསྟན་བཅོས་ལས།
གང་ལ་ལྷ་ཡིས་མགོན་བྱས་པའི། །
མི་དེ་གཅིག་པུར་གྱུར་ན་ཡང་། །
སྟོང་ཕྲག་དུ་མའི་མི་དག་དང་། །
ནུས་པ་ཀུན་ནས་མཉམ་པ་ཡིན། །
ཞེས་པ་ལྟར། རྐྱེན་ངན་བར་ཆད་ཞི་ཞིང་། ལུས་སེམས་བདེ་དགེར་གནས་པ་དང་། བྱ་བ་ལམ་འགྲོ་ཡོང་བ་ནི་གནའ་ནས་ད་བར་གྱི་གང་ཟག་དུ་མའི་ཉམས་མྱོང་ཡིན་ལ། ལྷག་པར་བྱམས་པ་དང་། སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རང་རྒྱུད་ལ་སྐྱེས་ནས། འགྲོ་བ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོར་འགྱུར་ངེས་པ་ཡིན།
བྱིན་རླབས་རྒྱུད་ལ་འཇུག་པའི་ཐབས་བླ་ན་མེད་པ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས། འགྲོ་དོན་མཁའ་ཁྱབ་མ། ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ། ནང་དུ་བྱང་སེམས་ཀྱི་བསླབ་པ། གསང་བ་གསང་སྔགས་ཀྱི་ཉམས་ལེན་ལ་གཞོལ་བ། བཀའ་བརྒྱུད་སྨོན་ལམ་གྱི་དབུ་མཛད་རྣམ་པ་བཞི་དང་། བཙུན་མའི་དབུ་མཛད་རྣམ་བཞི་སྟེ་ཁོང་རྣམ་པ་བརྒྱད་ནས་སྙན་འཇེབས་ལྡན་པའི་དབྱངས་རྟ་ལ་དྲངས་པ་ཞིག་གཟིགས་འབུལ་ཞུས།
༣) གསང་གསུམ་ཐུགས་རྗེ་མ། འབྲུག་དཔལ་མོ་ཆོས་སྡིངས་ཀྱི་བཙུན་མ་རྣམས་དང་ཁྲ་འགུ་དགོན་གྱི་དགེ་འདུན་ཐུན་མོང་ནས་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཚོག་ནས་བཙན་བྱོལ་དུ་ཕེབས་ཁར་གསར་རྩོམ་མཛད་པའི་གསང་གསུམ་ཐུགས་རྗེ་མ་དེ་ཉིད་གབྱངས་རྟ་སྙན་མོས་འདུས་ཚོགས་ཀྱི་ཐོས་འཛིན་དཔྱིད་དུ་གྱེར།
༤) སྙེ་ཤང་ཉ་མ་རྣམས་ནས་སྤྱན་རས་གཟིགས་གཟུངས་སྔགས་ཡི་གེ་དྲུག་མ་དབྱངས་རྟ་སྙན་པོའི་སྒོ་ནས་འདུས་པ་ཀུན་གྱི་སྙན་ལམ་དུ་ ལེགས་པར་གྱེར། དེ་མཇུག་སླར་ཡང་སྤྱན་རས་གཟིགས་ཀྱི་གཟུངས་རིང་ངེས་འབྱུང་སྐུལ་བའི་དབྱངས་ཀྱི་རྟ་ལ་དྲངས་ཏེ་འདུས་ཚོགས་སུ་ མཆོད་སྤྲིན་གྱི་ཚུལ་དུ་གྱེར།
༥) མར་མེའི་སྨོན་ལམ།
རྒྱུན་གཏན་རང་རེས། མེ་དང་། གློག་དང་། ནོར་བུ་སོགས་ཀྱི་འོད་ཟེར་ལ་བརྟེན་ནས་སྒྲོན་མེ་འབུལ་གྱི་ཡོད་པ་འདིས་ནི། མཚོན་བྱ་དོན་གྱི་མར་མེ་ཟབ་མོ་ཞིག་སྟོན་བཞིན་ཡོད་པ་སྟེ། སྤྱིར་མར་མེ་ནི་གསལ་བའི་ངོ་བོ་ལ་བྱ་ཞིང་། རང་གི་སེམས་ཉིད་ཀྱི་ངོ་བོ་ཡང་གསལ་བའི་ཡེ་ཤེས་ཡིན་ལ། གསལ་བའི་ཡེ་ཤེས་ཀྱི་ངང་ནས་ཡེ་ཤེས་ཀྱི་རྒྱལ་ཁམས་མ་འགགས་རོལ་པར་ཤར་བ་ལ་ཆོས་དབྱིངས་ཁྱབ་གདལ་གྱི་ཞིང་ཁམས་ཞེས་སུ་ གྲགས། ཆོས་དབྱིངས་ཁྱབ་གདལ་གྱི་ཞིང་ཁམས་རང་གི་སེམས་ཉིད་ལྷན་སྐྱེས་ཀྱི་ངོ་བོ་གསལ་བ་ངོ་འཕྲོད་པའི་ཕྱིར་དུ། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོས་འོད་གསལ་སེམས་ཉིད་ཀྱི་གཤིས་ལུགས་མ་སྦས་གསལ་བར་བསྟན་པ་ལ་ངེས་དོན་གྱི་ཆོས་ཀྱི་འཁོར་ལོ་ ཞེས་བྱ། ངེས་དོན་གྱི་ཆོས་ཀྱི་འཁོར་ལོའི་བསྟན་བྱ་མཐར་ཐུག་པ། གསལ་བ་སེམས་ཉིད་ཀྱི་ངོ་བོ་མ་བཅོས་ལྷུག་པར་འཇོག་པའི་ སྒོམ་ རིམ་ལ། མོས་གུས་དཀར་པོ་གཅིག་ཐུབ་ཀྱིས་གནད་དུ་བསྣུན་པས། རང་བྱུང་སེམས་ཉིད་ཀྱི་ངོ་བོ་གསལ་བའི་ཡེ་ཤེས་སྐད་ཅིག་གིས་སྒྲིབ་བྲལ་མངོན་དུ་གྱུར་པ་ལ། འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ་ཞེས་བཏགས་པ་ཙམ་སྟེ། དོན་གཞི་སེམས་ཉིད་ཀྱི་ངོ་བོ་གསལ་བ་གཏན་ལ་ཕབ། ལམ་སེམས་ཉིད་ཀྱི་ངོ་བོ་གསལ་བ་ཉམས་སུ་བླངས། འབྲས་བུ་སེམས་ཉིད་ཀྱི་ངོ་བོ་གསལ་བ་མངོན་དུ་གྱུར་པ་ཡིན་ཕྱིར། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་གསལ་བའི་ངོ་བོ་འདི་ཉིད་ངེས་དོན་གྱི་མར་མེ་བླ་ན་མེད་པ་དེ་ཡིན་པ་ལ་ཡིན་པར་ཤེས་ པའི་སྒོ་ནས། མར་མེ་སྨོན་ལམ་གྱི་ལས་རིམ་ལ་འཇུག་པའི་ཞུ་བསྐུལ་མཛད།
༦) མཇུག་བསྡུ། ལྷག་བསམ་གྱི་རེ་སྨོན།
བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སུམ་ཅུ་རྩ་ལྔ་པ་སྦྱོར་དངོས་མཇུག་གསུམ་ཚང་ངེས་ཐོག་སྤྲོས་པ་ཆུང་ཞིང་ཀུན་གྱི་མིག་ལམ་ དུ་རབ་ཏུ་མཛེས་པའི་དཔལ་དང་ལྡན་པའི་སྒོ་ནས་མཇུག་ཡོངས་སུ་རྫོགས་ཤིང་། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྦྱོར་དངོས་མཇུག་གསུམ་ལེགས་པར་གྲུབ་པའི་དགེ་བ་རླབས་པོ་ཆེའི་མཐུ་ལ་བརྟེན་ནས། ཕན་བདེའི་འབྱུང་གནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་ཀུན་ཏུ་དར་ཞིང་རྒྱས་ལ། ཡུན་དུ་གནས་པ་དང་། དེ་འཛིན་གྱི་སྐྱེས་བུའི་ཁྱུ་མཆོག་གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་དང་། སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་དབུས། རིས་མེད་པའི་སྐྱེས་ ཆེན་དམ་པ་གང་ན་སུ་བཞུགས་ཐམས་ཅད་སྐུ་ཚེ་ཞབས་པད་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཏེ་ མཛད་འཕྲིན་རབ་ཏུ་རྒྱས་པ་དང་། མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱང་མྱུར་དུ་སངས་རྒྱས་ཀྱི་ས་ལ་འགོད་པ་དང་། འཕགས་བོད་སོགས་ཡངས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ། ཆར་ཆུ་དུས་སུ་བབས། ལོ་ཕྱུགས་རྟག་ཏུ་ལེགས། ནད་མུག་འཁྲུགས་རྩོད་ཞི་སྟེ། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་འབར་བར་གྱུར་ཅིག་གུ །
སླར་སྨོན་པ།
བདུད་བཞི་ལས་རྒྱལ་རྒྱལ་བའི་ཕྲིན་ལས་པ། །
ཀརྨ་པ་བསྟན་བསྟན་པའི་སྙིང་པོ་ནི། །
ཕྱོགས་མཐར་ཀུན་ཁྱབ་ཁྱབ་ཅིང་རྒྱུན་མི་འཆད། །
རྟག་པར་རབ་འཕེལ་འཕེལ་བའི་བཀྲ་ཤིས་ཤོག །

འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །
བདེ་བ་ཐམས་ཅད་འབྱུང་བའི་གནས། །
བསྟན་པ་གནས་དང་བཀུར་སྟི་དང་། །
བཅས་ཏེ་ཡུན་རིང་གནས་གྱུར་ཅིག །
སརྦ་མངྒ་ལཾ། བསྟན་འཛིན་རྣམ་རྒྱལ་ནས།།

20190120PM_Monlam Day 7

ནཱ་རོ་ཆོས་དྲུག་དང་འབྲེལ་བའི་འཁྲུལ་འཁོར་དང་རས་འབུད་ཀྱི་སྐོར།

ནཱ་རོ་ཆོས་དྲུག་འབྲེལ་བའི་རས་འབུད་བཤར་སྐབས་ན་བཟའ་དཀར་པོ་མནབ་པའི་ལམ་སྲོལ་ཡོད། གཏུམ་མོའི་ཉམས་ལེན་ནི་གྲང་ངར་ ལ་མི་བསྙེངས་པའི་ཉམས་ལེན་མཚོན་དོན་ཡིན། གཏུམ་མོའི་ཉམས་ལེན་པ་ཚོས་རས་གོས་གྱོན་པའི་སྲོལ་ཡོད་ཅིང་། བོད་དུ་རྗེ་མི་ལ་ ནས་དར་ཏེ་དེ་མཇུག་རས་པའི་རྒྱུན་རླབས་ཆེར་འཕེལ། རས་དཀར་གྱོན་པ་པོ་རྣམས་ལ་རས་པ་ཞེེས་བརྗོད་ཅིང་། རས་དཀར་མནབ་ པ་བཀའ་བརྒྱུད་པ་ལ་ཤས་ཆེ་ཡང་རྗེ་སྒམ་པོ་པ་རབ་བྱུང་ཡིན་པས་རྒྱུན་དུ་ངུར་སྨྲིག་གི་གོས་ཀླུབས་པ་ལས་རསདཀར་མི་བཞེས། འོན་ཏང་གཏུམ་མོའི་ཉམས་ལེན་གྱི་དུས་སུ་སྐབས་རེ་རས་གོས་དཀར་པོའང་མནབ་སྲོལ་ཡོད།

དེར་བརྟེན་ལོ་ལྟར་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་གོས་དཀར་པོ་མནབ་སྟེ་གཤེགས་སྲོལ་ཡོད། དེ་ནི་ཚེས་ བཅུ་བཞིར་སྒྲ་བསྒྱུར་གྱི་རྒྱལ་པོ་རྗེ་མར་པ་དང་ཚེས་བཅོ་ལྔར་གངས་ཅན་གྲུབ་པའི་རྒྱན་གཅིག་རྗེ་བཙུན་མི་ལ་རས་པའི་འདས་མཆོད་ མཚོན་པའི་སླད་དུ་ཡིན། གོང་གསལ་དུས་ཡུན་དེ་ཉིད་དུ་གདན་ས་རུམ་བཏེག་གི་སྒྲུབ་ཁང་གསར་པ་ཡིད་འོང་བསམ་གཏན་ཆོས་གླིང་དང། དེ་བཞིན་དཔལ་ཆེན་ཆོས་གླིང་གི་སྒྲུབ་ཐོན་པ་རྣམས་ཀྱིས་རས་འབུད་ཀྱི་རྒྱུན་མུ་མཐུད་སྐྱོང་བཞིན་པ་དང་། བོད་ཀྱི་དགོན་པ་འགའ་ཤས་ ནང་རས་ཆུར་སྦངས་ཤིང་རློན་པ་བཟོས་ཏེ་ཕེབས་སྲོལ་ཡོད།

སྒྲུབ་བླ་རྣམས་རས་ཆོད་དུ་ཕེབས་སྐབས་སྒོམ་ཞྭ་ཞྭ་ཁྲ་དང་། རས་གཟན། འབེབས་གདན་བཅས་ནི་མཚུར་ཕུ་བླ་བྲང་གི་ངོས་ནས་གྲ་ སྒྲིག་མཛད་ཡོད་པ་དང་། ཨང་འགའ་རག་དང། སྒོམ་ཐག་སོགས་ནི་སྒྲུབ་བླ་རང་ངོས་ནས་ཐབས་འཚོལ་བགྱིད་དགོས།

སྒྲུབ་བླ་རྣམས་འཁྲུལ་འཁོར་མཛད་སྐབས་སུས་ཀྱང་ལྟ་མི་ཆོག་པ་ཡིན། སྤྱིར་གསང་སྔགས་ཞེས་པ་ཆེས་གསང་བ་ཡིན་པ་དང་། གལ་ཏེ་ བལྟས་པ་ཡིན་ཚེ་དེ་དག་ལ་བསྣད་སྐྱོན་དང་རྐང་ཆག་དང་ལག་ཆག་སོགས་བར་ཆད་ཡོང་ཉེན་དང་། དེ་བཞིན་ལྟ་མཁན་ཡང་འདྲེན་བྱེད་ ལོང་བ་སོགས་ཀྱི་བར་ཆད་སྣ་ཚོགས་པ་འབྱུང་ཉེན་ཆེ། སྤྱིར་འཁྲུལ་འཁོར་སྐབས་གཡོ་འགུལ་ཧ་ཅང་ཆེ་བས་ལྟ་སྙིང་འདོད་པ་ལྟ་བུ་འབྱུང་ བཞིན་ཡོད། ནཱ་རོ་ཆོས་དྲུག་གི་ཉམས་ལེན་གྲུབ་སྟེ་ལོ་གྲངས་དྲུག་ཅུ་མན་ཞུགས་དགོས་པ་ལ་རྒྱུ་མཚན་གཉིས་ཡོད། རྒྱུ་མཚན་དང་པོ་ནི། ནཱ་རོ་ཆོས་དྲུག་གི་ཉམས་ལེན་དང་རྒྱུན་དུ་ཞལ་མི་འབྲལ་བའི་སླད་དང་། རྒྱུ་མཚན་གཉིས་པ་ནི། རང་རེ་སྒྲུབ་བརྒྱུད་པའི་རྗེས་འཇུག་ཡིན་ སྟབས་དེ་ཉིད་ཀྱི་ཉམས་ལེན་རྒྱུན་མ་ཆད་པར་སྐྱོང་བའི་མཚོན་བྱེད་ཀྱི་སླད་དུ་འདི་ལོ་བཀའ་བརྒྱུད་སྨོན་ལམ་སྐབས་སོ་དྲུག་པར་ཡང་རས་ འབུད་ལ་བཞུད་པ་དང་།

དེའི་རྒྱབ་ལྗོངས་ནི་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་དཔལ་ལྡན་ཀརྨ་པའི་གྲྭ་རྒྱུན་དུ་གཏོགས་པ་མི་ཉག་རབ་སྒང་པ་རྣམས་ལ་སྨོན་ལམ་ ཆོས་འཁོར་སྦྲེལ་མར་བྱ་ཚུལ་གྱི་བཅའ་ཡིག་སྩལ་བའི་ནང་། རས་འབུད་བྱས་ན། ནཱ་རོ་དང་ནི་གུ་ཁྱད་མེད་ཀྱང་། ནཱ་རོའི་ཁྱད་ཆོས་ཡིན་ པས། ནཱ་རོའི་ཆོས་དྲུག་གི་སྟེང་དུ་བཤར་རོ། ཞེས་གསལ་བ་ནི། སྔོན་བྱོན་གོང་མའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་བྱ་བ་ ཡིན་ཕྱིར། རང་རེས་ཀྱང་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པ་ནས་འགོ་འཛུགས་ཀྱིས་ལོ་བསྟར་ཆགས་སུ་རྒྱུན་སྐྱོང་བ་ལྟར་འདི་ལོ་ཐེངས་གསུམ་ པ་ཡིན། ལོ་གསུམ་ཆོས་གསུམ་གྱི་སྒྲུབ་པ་མཐར་སོན་པ། ནཱ་རོའི་ཆོས་དྲུག་གི་སྒྲུབ་པ་སྔོན་སོང་། སྐྱ་སེར་གཉིས་ལས་སེར་མོ་བ། རབ་ བྱུང་ཕོ་མོ་གཉིས་ལས་ཕོ། ལོ་གྲངས་དྲུག་ཅུ་མ་ཟིན་པ་ཐམས་ཅད་དང་། དགོན་སྡེ་སོ་སོའི་སྒྲུབ་དཔོན་བླ་མ་བཅས་གཏེར་སྒར་འདུ་ཁང་ ཚོམས་ཆེན་ནང་ཕྱི་ ༢༠༡༩ ཟླ་བ་ ༡ ཚེས་ ༡༣ ནས་ཚེས་ ༡༩ བར་ཉིན་བདུན་རིང་སྲོད་ཀྱི་དུས་ཚོད་བརྒྱད་ནས་བཅུ་གཅིག་བར་ ནཱ་རོའི་ཆོས་དྲུག་གི་འཁྲུལ་འཁོར་བསྐྱར་སྦྱོང་གྲུབ་སྟེ། སྨོན་ལམ་ཉིན་བདུན་པའི་ཐོ་རངས་དུས་ཚོད་ལྔ་པ་ཙམ་སྟེ་རས་འབུད་མ་བཤར་ གོང་བླ་མཆོད་སྒྲུབ་པའི་མཆོད་པ་འབུལ་སྐབས་རྟེན་འབྲེལ་སྙིང་པོའི་མགུར་གླུ་གསུངས་མཇུག་སྒྲུབ་བླ་རྣམས་རིམ་གྱིས་གཤེགས། ། བསྟན་འཛིན་རྣམ་རྒྱལ་ནས།

20190120_Monlam Day7_Cotton-Clad Procession

བཀའ་བརྒྱུད་སྨོན་ལམ་སྐབས་སོ་དྲུག་པའི་བསོད་སྙོམས་རྒྱུ་འབུལ་གྱི་མཛད་རིམ།

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༩ ཉིན་སྔ་དྲོ་དུས་ཚོད་བདུན་དང་ཕྱེད་ཐོག་བསོད་སྙོམས་རྒྱུ་འབུལ་གྱི་མཛད་རིམ་དབུ་ཚུགས་ཤིང་། སྤྱིར་བསོད་སྙོམས་རྒྱུ་འབུལ་གྱི་མཛད་རིམ་འདི་ལོ་སྔར་རྒྱུན་དང་མི་མཚུངས་པར་བདག་ཅག་གི་སྟོན་པ་གཙོ་འཁོར་གསུམ་གྱིས་དབུས་ཐུབ་པས་བཀའ་བསྒོས་ཤིང་བསྟན་པའི་རྒྱལ་མཚན་འཛིན་པའི་འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་དང་། མ་ཕམ་པ་དང་། ནགས་ན་གནས་དང་། དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་། གསེར་བེའུ་བྷ་ར་དྷྭཛ་ལ་སོགས་པ་འཕགས་པའི་གནས་བརྟན་ཆེན་པོ་ བཅུ་དྲུག་གི་ཞལ་འབག་དང་ཟ་འོག་ལས་གྲུབ་པའི་ན་བཟའ་གསར་དུ་བཅོས་པ་དེ་བཞིན་མནབ་ནས་གནས་བརྟན་རེ་རེའི་མཇུག་ཏུ་ཞལ་ཏ་ བ་རེ་དང་གནས་བརྟན་སོ་སོའི་དགྲ་བཅོམ་གྱི་འཁོར་གྲངས་དང་མཐུན་པ་མཚོན་ཕྱིར་དགྲ་བཅོམ་བརྒྱ་ཕྲག་རེར་དགེ་སློང་རེ་རེའི་གྲངས་ཀྱིས་མཚོན་པར་བྱས་ཏེ་གནས་བརྟན་རང་རང་གི་དགྲ་བཅོམ་གྱི་འཁོར་གྲངས་དང་མཐུན་པའི་བར་དུ་གནས་བརྟན་རེ་སྟེ་ཡོངས་བསྡོམས་དགེ་སློང་བཞི་བརྒྱ་ཙམ་དང་དགེ་སློང་མ་ལྔ་བཅུ་ལ་ཉེ་བ་རྣམས་རེ་རེ་བཞིན་བསོད་སྙོམས་ལ་ཕེབས་སྐབས་སྤྱོད་ལམ་དུལ་ཞིང་གོམ་སྟབས་ བུལ་བ་སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་དུ་འཚོ་ཞིང་གཞེས་པའི་སྐབས་སུ་ཡང་དགེ་སློང་རྣམས་བསོད་སྙོམས་ལ་རྒྱུ་ ཚུལ་འདི་ལྟ་བུ་ཞིག་ཡིན་ཤས་ཆེ་སྙམ་པའི་དད་གུས་རང་དབང་མེད་པར་སྐྱེ་ཞིང་། ལུས་ཀྱི་བ་སྤུ་དབང་མེད་དུ་ལྡང་བར་བྱེད།

བསོད་སྙོམས་འབུལ་ཚུལ་ཡང་སྔར་ལྟར་མ་ཡིན་པར་འཕགས་པའི་གནས་བརྟན་རྣམས་སྨོན་ལམ་ཆོས་རའི་ནང་གསར་དུ་བསྐྲུན་པའི་རང་ རང་གི་བཞུགས་ཁྲིར་འཁོད་ཟིན་རྗེས་བསྙེན་བཀུར་ཞུ་བའི་དད་ལྡན་གྱི་ཡོན་བདག་ཕོ་མོ་རྣམས་ཀྱང་རེ་རེ་བཞིན་ཚང་ཀ་མེད་པར་ཐམས་ ཅད་ལ་བསོད་ནམས་ཀྱི་ཚོགས་གསོག་གོ་སྐབས་མཚུངས་པར་སྤྱོད་སླད་བསྙེན་བཀུར་གྱི་འབུལ་བ་རྣམས་གཡས་གཡོན་གཉིས་སུ་གོ་སྒྲིག་ཞུས་པའི་ཚོགས་ཁྲོ་ཆེན་པོ་གཉིས་ཀྱི་ནང་དུ་དལ་གྱིས་ལྡུག་པར་བྱེད་པས་ཁམས་དྭངས་ཤིང་ཡིད་འཕྲོག་པའི་དཔལ་དང་ལྡན་པར་གྱུར།

འདི་ལོ་བཀའ་བརྒྱུད་སྨོན་ལམ་སྐབས་སོ་དྲུག་པར་ཡང་སྔ་ལོ་དང་མཐུན་པར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཞལ་འབག་དང་ན་ བཟའ་གནའ་བོའི་ལོ་རྒྱུས་དང་མཐུན་པར་རྒྱ་ལུགས་སུ་མནབས་ཏེ་བསོད་སྙོམས་ལ་ཕེབས་པ་ནི། དེ་ཡང་ཐོག་མར་བདག་ཅག་གི་སྟོན་ པ་སྐུ་མྱ་ངན་ལས་འདའ་ཁར་གང་གི་ལུང་རྟོགས་ཀྱི་བསྟན་པ་གནས་བརྟན་བཅུ་དྲུག་པོར་བདག་པོ་བསྐྱོན་དགོས་ཚུལ་བཀའ་བསྒོས་པ་ ཇི་བཞིན་ད་བར་གནས་བརྟན་རྣམས་ཀྱིས་ཡུལ་སོ་སོར་བཞུགས་ཏེ་བསྟན་དོན་རླབས་པོ་ཆེ་མཛད་མུས་ཡིན།

འཕགས་པའི་གནས་བརྟན་རྣམས་བསྟན་པའི་བདག་པོར་སོང་རབ་བྱུང་སྟོང་ཚོ་བརྒལ་བ་གང་དུ་འདུས་པའི་གཞིར་དངོས་སུ་ཕེབས་ ཏེ་བསྟན་པའི་བྱ་བ་མཛད་ཚུལ་གསུང་རབ་ཁག་གི་ནང་དངོས་སུ་གསལ་བ་ལྟར། བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་རྗེས་ འཕགས་པའི་གནས་བརྟན་རྣམས་བསྟན་པའི་བདག་པོ་འགྲོ་བའི་རྣམ་འདྲེན་ཆེན་པོ་དང་གཉིས་སུ་མ་མཆིས་སྟབས་བོད་ཀྱི་དགོན་སྡེ་ ཐམས་ཅད་དུ་གནས་བརྟན་བཅུ་དྲུག་གང་རུང་གི་སྐུ་བརྙན་ཞིག་ངེས་པར་དུ་བཞེངས་སྲོལ་ཡོད།

རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སྒར་ཆེན་སྨོན་ལམ་ཆེན་མོ་ཚོགས་སྐབས་གནས་བརྟན་བཅུ་དྲུག་གི་ན་བཟའ་དང་སྐུ་འབག་ མནབས་ཏེ་བསོད་སྙོམས་སུ་ཕེབས་སྲོལ་ཡོད་སྟབས་དེ་ཉིད་ཀྱི་རྣམ་ཐར་རྗེས་སུ་དྲན་པ་དང་། གདུལ་བྱ་མཆོག་དམན་ཡོངས་ཀྱིས་དེ་དག་ གི་སྐུ་བརྙན་སླར་ཡང་མཇལ་ནུས་པའི་ཕྱིར་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་བསྐྱར་གསོ་མཛད་པ་ཞིག་ཀྱང་ཡིན། དེ་ལྟའི་རྒྱུན་ཀརྨ་པ་སྐུ་འཕྲེང་བཅུ་པ་བར་ཚུགས། དེ་རྟིང་ཅུང་ཉམས་ཆག་སོང་ཡང་རྒྱུན་ཙམ་ཞིག་བཞུགས་ཡོད་སྟབས་༡༩༥༩ སྟེ་བོད་དུས་མ་ལོག་བར་མུ་མཐུད་གནས་ཡོད་སྟབས་སྒར་ཆེན་གྱི་ལམ་སྲོལ་བསྐྱར་གསོ་དང་མི་ཉམས་གོང་འཕེལ་འབྱུང་ཕྱིར། འདི་ལོའི་སྨོན་ལམ་སྐབས་ཀྱང་སྔ་ལོ་ལྟར་མཛད་པ་ནི་༸རྒྱལ་དབང་མཆོག་འཕགས་ཡུལ་ནང་རྐྱེན་དབང་གིས་རེ་ཞིག་ཕེབས་མ་ཐུབ་མོད་ ཀྱང་མགོན་པོ་གང་གི་གསང་གསུམ་གྱི་མཛད་པ་གང་དུ་བཞུགས་ཀྱང་ཡར་ངོའི་ཟླ་ལྟར་བླ་ནས་བླར་འཕེལ་བའི་རྟེན་འབྱུང་གི་མཚན་མར་ དམིགས་ཏེ་འགོད་པའོ། ། བསྟན་འཛིན་རྣམ་རྒྱལ་ནས།

20190119_Monlam Day 6_Alms Procession and offerings to the 16 Arhats

བཀའ་འགྱུར་ཆོས་སྐོར།

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་སྨོན་ལམ་ཆོས་ར་ནས་ཆིབས་འཕྲུལ་ཐོག་རྡོར་གདན་མཆོད་རྟེན་ཆེན་མོར་ཆིབས་བསྒྱུར་ བསྐྱངས་སྐབས་རྡོར་གདན་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་སྐུ་ཞབས་སྣང་མཛད་རྡོ་རྗེ་ལགས་སོགས་གནད་ ཡོད་མི་སྣ་རྣམས་ནས་ནས་བྱོན་བསུའི་མཇལ་དར་ཕུལ་བ་ཕྱིར་སློག་མཛད་རྟིང་བཀའ་འགྱུར་ཆོས་སྐོར་གྱི་སྟ་གོན་མཛད་ཡུལ་དུ་ གཟིགས་ཞིབ་ལེགས་པར་བསྐྱངས།

དེ་མཇུག་༸སྐྱབས་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་པའི་སྡེ་དགེ་བཀའ་འགྱུར་པོད་བརྒྱ་དང་བརྒྱད་བཞུགས་པ་དེ་དག་གདན་ མི་རྒྱ་བལ་འབྲུག་གསུམ་ནང་མཆིས་པའི་དགོན་སྡེ་ཁག་ནས་འདེམས་སྒྲུག་གིས་རུམ་བཏེག་གདན་སའི་རྡོར་སློབ་དང་སྒྲུབ་དཔོན་ རྣམ་གཉིས་གཙོས་དགེ་སློང་བརྒྱ་དང་བཅུ་ཡོད་པའི་ཁོངས་ནས་ཕྱི་རྒྱལ་གྱི་དགེ་སློང་མ་ཡང་འགའ་མཆིས་ཤིང་། དེ་དག་ཡོངས་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་རེ་རེ་བཞིན་ཕྲག་པ་གཡོན་དུ་ཐོགས་ཏེ་བཀའ་འགྱུར་ཆོས་སྐོར་ གདན་འདྲེན་ཚུལ་གྱི་སྤྱོད་ལམ་རྒྱུགས་སྤྲོད་སྐབས་ཇི་ལྟར་ལམ་སྟོན་མཛད་པ་ལྟར་དུང་རྒྱ་སྤོས་སྣ་དང་བཅས་ཐོག་མར་མཆོད་རྟེན་ རིན་པོ ཆེའི་ཤར་སྒོའི་ནང་སྐོར་ནས་དབུ་འཛུགས་ཀྱིས་ཕྱི་སྐོར་དུ་རིམ་གྱིས་ཕེབས། དགེ་སློང་གཞན་རྣམས་ཀྱང་ཐུབ་པའི་མཚན་ སྔགས་དབྱངས་རྟ་སྙན་པོས་འདོན་བཞིན་རིམ་གྱིས་གཤེགས།

ཆོས་སྐོར་དུ་ཕེབས་སྐབས་ཕེབས་ལམ་གྱི་གཡོན་གྲལ་མཐའ་སྐོར་དུ་ཕྱི་ནང་དད་ལྡན་མི་མང་སྟོང་ཚོ་དུ་མས་ལག་ཏུ་སྲིད་ན་རིང་ བའི་དར་དཀར་དང་། ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས། དྲི་ངད་རབ་ཏུ་ལྡང་བའི་བདུག་སྤོས་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ པ་ལག་ཏུ་ཐོགས་ཏེ། དད་གུས་ཆེན་པོས་ཕེབས་ལམ་གཡས་གཡོན་དུ་སྒྲེང་སྟེ་འཁོར་བའི་བྱ་བ་ལ་ཡིད་འབྱུང་ཞིང་ངེས་འབྱུང་དང་་ བཅས་པའི་སྒོ་ནས་ཐུབ་པའི་གཟུངས་སྔགས་ངག་ནས་དབྱངས་རྟ་སྙན་པོས་འདོན་བཞིན་དུ་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་ སྨོན་ལམ་འདེབས་བཞིན་དགེ་སློང་རྣམས་གཤེགས་ཤུལ་གྱི་མཇུག་ཏུ་དལ་གྱིས་སྙེགས།

དེ་མཇུག་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་མཆོག་དང་༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་དང་བཀའ་འགྱུར་ཆོས་སྐོར་ཞུ་མི་དགེ་ སློང་རྣམས་ཕྱིར་ཕེབས་ཀྱིས་བཞུགས་གྲལ་དུ་འཁོད་དེ་སྨོན་ལམ་ཆོས་རར་བཞུགས་པའི་དགེ་བཙུན་ཡོངས་དང་ལྷན་དུ་བཀའ་འགྱུར་ གླེགས་བམ་རྣམས་ཕན་ཚུན་ཆ་བགོས་ཀྱིས་གསུང་གི་གདངས་དབྱངས་གྲིམས་ལྷོད་རན་པའི་སྒོ་ནས་དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་ ནང་དབུ་ནས་མཇུག་བར་དག་སྒྲོགས་ལེགས་པར་ཞུས་པའི་གནས་ཚུལ་སྙིང་བསྡུས་སུ། བསྟན་འཛིན་རྣམ་རྒྱལ་ནས།

20190118_Monlam Day 5_Kangyur Procession&Kangyur Reading