KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པའི་སྔ་དྲོའི་གསོ་སྦྱོང་དང་། བྱོན་ལེགས་རྒྱལ་སྒོའི་སྐོར།

ཀ) ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༤ ཉིན་སྔ་དྲོ་འཁོར་ལོའི་དུས་ཚོད་དྲུག་པའི་ཐོག་སྒྲུབ་བརྒྱུད་བསྟན་པའི་གསལ་ བྱེད་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་བཞུགས་གནས་གཏེར་སྒར་དགོན་ནས་དུང་རྒྱ་སྤོས་སྣེས་སྤྱན་འདྲེན་གྱིས་ སྨོན་ལམ་ཆོས་རར་ཞབས་པད་གསེར་གྱི་རེ་ཁཱ་མངོན་པར་བཀོད་དེ་བཞུགས་ཁྲིར་འཁོད་རྟིང་། ༸སྐྱབས་རྗེ་མི་འགྱུར་ རིན་པོ་ཆེ་དང་། མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེ། དེ་བཞིན་རི་མགུལ་རིན་པོ་ཆེས་དབུས་བླ་སྤྲུལ་མཁན་སློབ་ དགེ་འདུན་འདུས་པ་རྒྱ་མཚོ་དང་། ཚོགས་ཞུགས་ཁྱིམ་པ་ཕོ་མོ་ཀུན་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོགས་པར་ མཛད། དེ་ཡང་གསོ་སྦྱོང་ཞེས་པ་ནི་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་དོན་སྟེ། ཇི་སྐད་དུ། སྡིག་པ་གསོ་ཞིང་དགེ་བ་ སྦྱོང་བ་སྟེ། དེ་ཕྱིར་གསོ་སྦྱོང་ཞེས་ནི་མཚན་གསོལ་ཏོ། ཞེས་གསུངས་པ་ལྟར་ཡིན་ཅིང་། གསོ་སྦྱོང་གི་སྡོམ་པ་མནོས་ རྗེས་བསྙེན་གནས་ཉིན་ཞག་ཅིག་གི་སྡོམ་པ་ལྟར་གསོ་སྦྱོང་གི་སྡོམ་པ་ཉིན་ལྟར་ཐོབ་རིམ་བཞིན་སྐྱ་སེར་ཕོ་མོ་ཀུན་ནས་ཕྱི་དྲོའི་ཁ་ཟས་སོགས་སྤང་བྱ་རྣམས་ངེས་པར་སྤོང་དགོས་པ་ཙམ་མ་ཟད། སྤང་བླང་གི་གནས་ལ་དྲན་ཤེས་བག་ཡོད་ ཚུལ་བཞིན་བསྟེན་དགོས་པ་ཤིན་ཏུ་གཅེས།

ཁ) བཀའ་བརྒྱུད་སྨོན་ལམ་སྐབས་སོ་དྲུག་པའི་བྱོན་ལེགས་ཀྱི་རྒྱལ་སྒོའི་སྐོར།

འདི་ལོ་བཀའ་བརྒྱུད་སྨོན་ལམ་སྐབས་སོ་དྲུག་པའི་བྱོན་ལེགས་ཀྱི་རྒྱལ་སྒོ་ནི་སྔར་རྒྱུན་ལྟར་སྤྲོས་པ་མི་ཆེ་ཞིང་ཀུན་གྱི་ཡིད་དུ་འཐད་པའི་ཁུ་བསྡུས་ཤིག་བསྐྲུན་ཏེ། དེ་ཡང་བྱོན་པ་ལེགས་ཞེས་པའི་ཡིག་འབྲུའི་ཀླད་དུ་རི་དྭགས་ཆོས་འཁོར་གྱི་ལས་རྟགས་འདིས་སྤངས་རྟོགས་ མཐར་ཕྱིན་པའི་བདག་ཉིད་མཉམ་མེད་ཤཱཀྱ་སེངྒེས་སྐལ་ལྡན་གྱི་གདུལ་བྱ་དག་ལ་ཆོས་འཁོར་བསྐོར་བའི་སྐབས་འདབས་སུ་རི་དྭགས་རུ་རུ་ཁྱོ་ཤུག་གཉིས་ཀྱང་དམ་པའི་ཆོས་ཀྱི་སྒྲ་ལ་རབ་ཏུ་སྙན་པའི་ཚོར་བས་སྤྱོད་ལམ་དུལ་བའི་ཚུལ་གྱིས་རབ་ཏུ་གུས་ཤིང་ཉན་པའི་རང་བཞིན་མཚོན་པ་ལྟར་ཆོས་བྱེད་ཀྱི་བསྟི་གནས་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པ་ཡོངས་ཀྱི་ཀླད་དུ་འཛུགས་སྲོལ་ཡོད། དེ་བཞིན་རྒྱལ་སྒོའི་ཀླད་དུ་ཤོག་པར་ཁ་དོག་ལྔ་ལྡན་གྱི་དར་ལྕེའི་གཟུགས་སུ་བཅངས་པའི་དབུས་སུ་སྒྲིབ་སྦྱོང་གི་གཟུངས་སྔགས་ཨོཾཔདྨོཥྞཱིཤབིམལེཧཱུྃཕཊ །ཞེས་པའི་གཟུངས་སྔགས་འདི་ཉིད་ཀྱི་འོག་ཏུ་ལན་གཅིག་འཛུལ་བས་བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་མ་ལུས་དག་པར་ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས་གསུངས་པའི་དགོས་པ་ཁྱད་པར་ཅན་ལ་དགོངས་ཏེ་རྒྱལ་སྒོ་འདིའི་འོག་ཏུ་ཞུགས་ཏེ་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་མི་ཡོངས་ཚེ་རབས་ཐོག་མེད་ནས་ཉོན་མོངས་པ་དུག་གསུམ་གྱི་སྒོ་ནས་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་ཅི་མཆིས་པ་རྨེག་མེད་དུ་འཇོམས་ཤིང་སྒྲིབ་སྦྱོང་གི་གཉེན་པོ་མཆོག་ཏུ་གྱུར་ཕྱིར་ཆེད་གཉེར་གྱིས་དཔྱངས་པ་ཞིག་ཡིན་པས་ཀུན་གྱིས་ཐུགས་སུ་ཆུབ་པར་བྱ་རྒྱུ་ཤིན་ཏུ་འགངས་ཆེ། དེ་བཞིན་ཀ་ཟུར་གཡས་གཡོན་གྱི་རྒྱབ་མདུན་གཉིས་སུ་རྒྱལ་ཆེན་བཞིའི་སྣང་བརྙན་ཏེ། ཤར་དུ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་སྤྱན་མི་བཟང་། བྱང་དུ་རྣམ་ཐོས་སྲས་རྣམས་ནི་ཕྱོགས་སྐྱོང་ཆེན་པོ་བཞི་སྟེ་མི་བསྲུན་ ཡིད་སྲུབས་རྒྱུད་ཀྱིས་བརླམས་པའི་ཆོས་མིན་ ནག་པོའི་སྡེར་གཏོགས་མཐའ་དག་རྒྱལ་སྒོའི་ནང་དུ་མི་གཏོང་བའི་ བརྡར་ཆེད་དུ་རྟེན་འབྲེལ་གྱི་ཚུལ་དུ་འགོད་པར་མཚོན། བསྟན་འཛིན་རྣམ་རྒྱལ་ནས།

20190114AM_Monlam Day 1

བཀའ་བརྒྱུད་སྨོན་ལམ་ཐེངས་སུམ་ཅུ་སོ་དྲུག་གི་དངོས་གཞི་གསུང་ཆོས་ཉིན་དང་པོ།

ཐོག་མར་སྨོན་ལམ་ཐེངས་འདིའི་གཏོང་ཕོད་ཅན་གྱི་སྦྱིིན་བདག་སྙེ་ཤང་བ་རྣམ་པ་དང་། དད་ལྡན་ཆོས་ཞུ་བ་འགའ་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་འདུས་པ་ཀུན་ལ་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་དང་འབྲས་སིལ་དྲངས་རྗེས། ༸སྐྱབས་རྗེ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེས་བློ་སྦྱོང་དོན་བདུན་མའི་གསུང་ཆོས་དབུ་འཛུགས་མཛད། རྒྱལ་དབང་མཆོག་གི་བཀའ་ཕེབས་པ་ལྟར་ངོས་ཉིད་ནས་བློ་སྦྱོང་དོན་བདུན་མ་མདོ་ཙམ་ཞུ་རྒྱུ་ཡིན། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་གསན་པར་འཚལ། སྤྱིར་ཆོས་འགོར་ཞུགས་པ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། རང་ཅག་ཆུང་དུས་དགེ་ཚུལ་སློང་སྒྲུབ་པ་དང་། ཁྱིམ་པ་རྣམས་པས་དགེ་བསྙེན་སོགས་སྡོམ་པ་གང་སྒྲུབ་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསྒྲུབ་དགོས། དེ་བཞིན་གསང་སྔགས་ཀྱི་དབང་ཞུ་ནའང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་སྐབས་བྱང་སེམས་ཁྱད་པར་ཅན་ཞིག་བསྐྱེད་དགོས་པར་གསུངས་ཡོད། དང་པོ་སངས་རྒྱས་དང་གྲུབ་ཐོབ་རྣམ་པ་ཞལ་བཞུགས་སྐབས་རིགས་དང་ཁམས་ལ་བརྟགས་ནས་དབང་ཁྲིད་སོགས་སྩོལ་བཞིན་ཡོད། དེང་སང་སེམས་ཅན་གྱི་རིགས་ཁམས་བརྟག་པར་དཀའ། དེ་བཞིན་བརྟག་མཁན་བླ་མ་ཡང་འབྱུང་དཀའ། དེ་ཡིན་སྟབས་མོས་པ་གཙོ་བོ་ཡོད་མེད་ལ་བརྟེན་ནས་གནང་གི་ཡོད། མོས་པ་དེ་འགངས་ཆེན་པོ་ཡིན། མོས་པ་ལ་བརྟེན་ནས་མི་རིང་བར་རིགས་དང་ལྡན་པར་འགྱུར། སེམས་བསྐྱེད་གོང་དུ་སྤེལ་དགོས། མ་སྤེལ་ན་མི་རུང་བ་ཡིན། དེ་སྤེལ་བ་ལ་གཞན་དོན་མ་གཏོགས་རང་དོན་སྐད་ཅིག་ཙམ་ཡང་མི་སྐྱེ་བ་ཞིག་དགོས། བྱང་ཆུབ་སེམས་དཔས། གཞན་དོན་བསྒྲུབས་ནས་སྐད་གྲགས་མ་བྱུང་ནའང་གཞན་དོན་སྒྲུབ་པ་དང་། རང་དོན་བསྒྲུབས་ནས་སྐད་གྲགས་བྱུང་ནའང་རང་དོན་མ་བསྒྲུབས་པ་གཞན་དོན་སྒྲུབ་ཀྱི་ཡོད། གཞན་ལ་ཕན་པའི་ནོར་འབྱུང་བར་ཤོག །གཞན་ལ་མི་མཁོ་བའི་ནོར་མི་འབྱུང་བར་ཤོག་ཅེས་པ་དང་། དམྱལ་བ་མནར་མེད་པའི་སྡུག་བསྔལ་མྱངས་ནས་སེམས་ཅན་གཞན་ལ་ཕན་ཐོགས་ན། དེའི་སྡུག་བསྔལ་མྱོང་བར་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡོད། མདོ་སྡེ་རྒྱན་ལས། གལ་ཏེ་མནར་མེད་པ་ལའང་དགར་འཇུག་ན། ཞེས་དང་། མཐོང་ལམ་ཐོབ་པ་དང་མངོན་ཤེས་སྒྲུབ་པ་སོགས་ཀྱང་རང་དོན་སྤུ་ཙམ་མེད། གཞན་དོན་ཁོ་ནའི་ཆེད་སྒྲུབ་ཀྱི་ཡོད། བསྐལ་པ་བཟང་པོ་སྟོང་རྩ་གཉིས་ཀྱི་སངས་རྒྱས་ཐམས་ཅད་སེམས་ཅན་ཕན་པའིི་དུས་དེ་རང་སངས་རྒྱས་པ་རེད། དེ་བཞིན་མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོ་ཡང་དུས་དེ་རང་མ་གཏོགས། དེ་སྔོན་སངས་མི་རྒྱས་ཏེ། གདུལ་བྱ་འགའ་ཞིག་གི་དོན་ལྷག་པས་སོ། དིང་སང་སེམས་ཅན་ཕལ་ཆེར་རང་དོན་ཁོ་ན་སྒྲྲུབ་པར་སེམས་ཀྱི་ཡོད། འོན་ཀྱང་རང་དོན་སྒྲུབ་མི་ནུས་ཏེ། སྤྱོད་འཇུག་ལས། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས། རང་ལ་བདེ་བ་འབྱུང་བའི་ཆེད། སེམས་ཅན་གྱི་སྲོག་གཅོད་པ་དང་། གཞན་ལ་ཆགས་སྡང་དང་ཕྲག་དོག་བྱེད་པ། དེར་བརྟེན་སླར་ཡང་སྡུག་བསྔལ་བྱུང། དེ་ཉིད་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས། །ཞེས་དང་། དེ་དག་ཐམས་ཅད་གཏི་མུག་རྨོངས་པ་ལ་བརྟེན་ནས་འབྱུང་གི་ཡོད། དེ་ལྟའི་རྨོངས་པའི་བསམ་པ་སྤངས་ནས་བྱམས་པའི་བློ་སྐྱེད་བྱེད་གདམས་ངག་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱམས་པ་མགོན་པོ་ལ་གནང། དེ་ནས་བླ་མ་རྣམས་ལ་བརྒྱུད་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གསན། ཁོང་བོད་པ་ཕེབས་ཏེ་གདམས་ངག་བཀའ་དྲིན་ཆེན་པོ་སྩལ་གནང་མཛད། དེ་ནི་ཉམས་ལེན་བྱེད་པ་ལ་དང་པོ་སྔོན་འགྲོའི་ཉམས་ལེན་གནང་དགོས། དེ་ཡང་བླ་མའི་བྱིན་རླབས་བརྟེན་ནས་ཉམས་ལེན་གནང་ནུས་པ་དང་། དེའི་འབྲས་བུ་ཐོབ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་རཱ་ཎ་སཱི་དྲང་སོང་ལྷུང་བའི་རི་དྭགས་ཀྱི་ནགས་སུ་ཐོག་མར་འཁོར་ལྔ་སྡེ་བཟང་པོར་ཆོས་བསྟན། དེ་ཉིད་དུ་དགྲ་བཅོམ་ཐོབ་པ་དེ་སངས་རྒྱས་ཀྱི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་བྱུང་། དང་པོ་སྐྱིལ་ཀྲུང་དུ་བཞུགས། རང་གི་སྤྱི་བོར་པདྨ། ཟླ་བ། དེའི་སྟེང་དུ་རྩ་བའི་བླ་མ། ཞལ་འཛུམ་པ། སྐུ་གཟི་བརྗིད་དང་ལྡན་པ། ཐུགས་དམིགས་མེད་སྙིང་རྗེས་སེམས་ཅན་ལ་གཟིགས་ནས་བཞུགས་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ། བླ་མ་སངས་རྒྱས་དང་རྒྱལ་བ་བྱམས་པ་སོགས་བླ་མ་ཀུན་འདུས་ཀྱི་ངོ་བོར་སྒོམ། དེ་ནས་བླ་མ་རིན་པོ་ཆེ་བདག་ལ་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་བསྐྱེད་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ལན་མང་གསོལ་བ་འདེབས་དགོས། རང་ཉིད་ཀྱི་སྙིང་ཁར་འོད་ཀྱི་གོང་བུ་གསལ་འདེབས། གསོལ་བ་བཏབ་པས་བླ་མ་འོད་དུ་བཞུས་ནས་རང་གི་སྙིང་གའི་གོང་བུར་རྟག་ཏུ་བྱིན་གྱིས་བརླབས་ནས་བཞུགས་པར་བསམ། དེ་རྗེས་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ་བསྒོམ་དགོས། ལྷའི་རྒྱལ་པོ་ཚངས་པ་དང་བརྒྱ་བྱིན་སོགས་ལས་ཀྱང་བསོད་ནམས་ཆེ་བ་བསགས་ཏེ་རྙེད་དགོས་པས་དལ་འབྱོར་རྙེད་དཀའ་བར་བསམ། ཉིན་རེ་བཞིན་འཆི་བར་ཉེ་བས་འཆི་བ་མིི་རྟག་པར་བསམ། དེ་ནིི་སེམས་ཅན་ཐམས་ཅད་རང་གི་མ་དང་བུར་བྱེད་མ་མྱོང་གཏན་ནས་མེད། བྱ་བྱིའུ་དུད་འགྲོ་སོགས་སྲོག་ཆགས་ཐམས་ཅད་རང་གི་མ་དང་བུ་བྱས་པ་ཤ་སྟག་ཡིན། དཔེར་ན། ད་ལྟ་བའི་ཕ་མས་རང་ལ་དང་པོ་ལྟོ་གོས་བྱིན། བར་དུ་སློབ་གྲྭ་སོགས་ཀྱི་མཐུན་རྐྱེན་འགྲོ་གྲོན་སྦྱར། མཐར་ལས་ཀ་བཟང་པོ་འཐོབ་པར་བྱས་ནས་སྐུ་དྲིན་ཆེན་པོ་བསྐྱངས་གནང། འོན་ཀྱང་ཕ་མ་གྲོངས་ནས། སྐྱེ་བ་ཕྱི་མ་རིགས་དྲུག་གང་དུ་སྐྱེས་ཀྱང་ཆ་མ་འཚལ། རང་དང་ཉེ་བར་སྐྱེ་བ་བཞེས་ཡོད་ནའང་ངོ་མི་ཤེས། དེ་བཞིན་སེམས་ཅན་ཐམས་ཅད་རང་གི་ཕ་མ་བུ་ཕྲུག་བྱས་ཟིན་ཀྱང་ངོ་མ་ཤེས་པ་ཡིན། དེས་ན་བཀའ་དྲིན་བསྐྱང་དགོས། གདམས་ངག་འདིར་དོན་དམ་བྱང་ཆུབ་སེམས་སྔོན་དུ་བསྒོམས་ནས། ཀུན་རྫོབ་བྱང་ཆུབ་སེམས་རྗེས་ལ་སྒོམ་པ་གསུངས་ཀྱི་ཡོད། དང་པོ་དོན་དམ་བྱང་ཆུབ་སེམས་སྒོམ་པ་ལ། དམིགས་རྟེན་ལུས་གནས་ལ་དབུགས་ཉེར་གཅིག་མ་འཁྲུགས་པར་སེམས་གཏད་དགོས། འཁྲུགས་ན་རྣམ་རྟོག་མི་བརྟན་པར་འགྱུར། སྣང་བ་ཐམས་ཅད་རྒྱུ་དང་རྐྱེན་ལས་འབྱུང་བ་དང་། འགྱུར་བའམ་རྙིང་པར་ཕྱིན་པས་རྨི་ལམ་ལྟ་བུར་སྒོམ་དགོས། སྣང་བ་ཙམ་མ་ཟད། མཐོང་བྱེད་སེམས་ཀྱང་བདེན་པ་མེད། གང་ནས་སྐྱེ། གང་ལ་གནས། གང་དུ་འགག་དཔྱད་ན་མི་རྙེད། དེ་ལྟར་དཔྱད་མཁན་ཡང་རང་བཞིན་གྱིས་མ་གྲུབ། གཉེན་པོ་ཉིད་ཀྱང་མ་གྲུབ། གཉེན་པོ་ཉིད་ཀྱང་རང་སར་གྲོལ་ཞེས། སེམས་དེ་ཀུན་གཞིའམ། དེ་བཞིན་སྙིང་པོའི་ངང་དུ་གཞག་དགོས། སྒོམ་མི་ཐུང་བ་ཞིག་བསྐྱོན། སྤྱི་བོའི་སྟེང་དུ་བླ་མ་སྒོམ། དེ་ལ་གསོལ་བ་བཏབ་པས། སྙིང་གར་འོད་དུ་བཞུས་སོང་བསམ་ནས་སྐར་ཆ་ལྔར་སྒོམ་དགོས། དེ་ནས་ཉིན་དང་པོའི་ཆོས་ཐུན་མཇུག་ལེགས་པར་གྲུབ་བོ།། བསོད་ནམས་དབང་རྒྱལ་གྱིས་ཕབ།

20190114AM_Monlam Day 1

༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱལ་མཚོའི་ལྷ་ལྔའི་གཏོར་དབང་སྩལ་བ།

ཕྱི་ལོ་ ༢༠༡༩ ཟླ་བ་ ༡ ཚེས་ ༡༣ ཉིན་དུས་ཚོད་བདུན་པའི་ཐོག་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་སྨོན་ལམ་ཆེན་མོའི་གར་སྟེགས་སུ་ཆིབས་བསྒྱུར་བསྐྱངས་ནས་དུས་ཚོད་ཅིག་ཙམ་གྱི་རིང་ལ་དབང་སྒྲུབ་གྱི་རིམ་པ་རྣམས་བསྒྲུབས་པར་མཛད། དད་ལྡན་ཆོས་ཞུ་བ་༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་གཙོས་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དགེ་འདུན་སྟོང་ཕྲག་དུ་མ་ཕེབས་ཤིང་། ཆོས་བརྒྱུད་གཞན་ནས་ཀྱང་དགེ་འདུན་དུ་མ་ཕེབས་ཡོད། དེ་བཞིན་རྒྱ་བལ་འབྲུག་གསུམ་གཙོ་བོ་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་དུ་མ་ནས་དད་ལྡན་མི་དམངས་སྟོང་ཕྲག་དུ་མ་ཕེབས་པས་བཀའ་དབང་དངོས་གཞིའི་སྐབས་སུ་སྨོན་ལམ་ཆོས་ར་ཆེན་མོའི་ར་བ་ལས་བརྒལ་ཏེ་ཆོས་རའི་ཕྱི་རོལ་ཏུའང་དད་ལྡན་དུ་མ་ལྷག་ཡོད།

དེ་ནས་དུས་ཚོད་དགུ་པའི་ཐོག་སླར་ཡང་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་ལ་ཡིད་དུ་འོང་བའི་སྤོས་སྣ་རྒྱ་གླིང་དང་བཅས་པའི་སེར་སྦྲེང་གི་སྒོ་ནས་སྨོན་ལམ་གར་སྟེགས་ཀྱི་བཞུགས་ཁྲིར་གདན་དྲངས། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་རྟིང་་དབང་ཞུ་བའི་སློབ་མ་རྣམས་ཀྱི་བསམ་པའི་ཀུན་སློང་ཇི་ལྟར་དགོས་པ་དང་། ལྷག་པར་དུ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བརྒྱུད་རིམ་གྱི་སྐོར་དང་། ཡི་དམ་དེ་ཉིད་ཀྱི་ཆེ་བ་དང་ཕན་ཡོན་གྱི་སྐོར་བཀའ་ཁྲིད་ཆེས་ཟབ་ཅིང་གནད་བསྡུས་པ་ཞིག་གསུངས།

དེ་ཡང་ཉིད་ཀྱི་ཞལ་སྔ་ནས། “ད་ལན་༸དཔལ་རྒྱལ་དབང་ཀརྨ་པ་ཆེན་པོས་བཀའ་ཕེབས་ཇི་བཞིན་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དབང་བསྐུར་བྱ་བའི་སྐབས། ཐོག་མར་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་དང་འབྲེལ་བ་ཡིན། དེས་ན་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས།” ཞེས་གསུངས།

བརྒྱུད་པའི་རིམ་པའི་སྐོར་ལ་༸སྐྱབས་རྗེ་ཉིད་ཀྱི་ཞལ་སྔ་ནས། “བོད་དུ་བསྟན་པ་ལ་སྔ་དར་དང་ཕྱི་དར་གཉིས་ཀའི་སྐབས་སུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་གྲངས་མེད་པ་དར་བ་ཡིན། དེའི་ནང་ནས་ལོ་རྒྱུས་རྒྱ་ཆེ་ཤོས་ནི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དེ་ཉིད་ཡིན། སྤྱིར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ལྷ་དགུ་དང་ལྷ་ལྔ་བཅས་གཉིས་སུ་ཡོད་པ་ལས་ད་ལན་སྐབས་འདིར་ལྷ་ལྔ་དེ་ཉིད་ཡིན། རྒྱལ་བ་རྒྱ་མཚོ་ལྷ་ལྔ་འདི་ཉིད་ཀྱི་ནང་དུ་བླ་མ། ཡི་དམ། མཁའ་འགྲོ། དཔའ་བོ། ཆོས་སྐྱོང་ལ་སོགས་པ་མ་འདུས་པ་གཅིག་ཀྱང་མེད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཉིད་ལ་བརྟེན་ནས་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་པདྨ་བཛྲ། མ་གཅིག་གྲུབ་པའི་རྒྱལ་མོ་ལ་སོགས་པའི་གྲུབ་ཐོབ་གྲངས་གྱི་མི་ལངས་པ་ཕེབས་ནས་འགྲོ་དོན་དཔག་ཏུ་མེད་པ་བྱུང་།

བོད་དུ་རྗེ་མར་པ་ཆེན་པོས་མི་ལ་རས་པ་ལ་སྤྱིར་ཁོ་བོས་ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གདམས་ངག་ཟབ་པ་དུ་མ་ཞིག་ཞུས་ཟིན་མོད་། འོན་ཏང་ད་དུང་རྒྱ་གར་དུ་ཡན་ལག་གི་ཆོས་དུ་མ་ཞིག་ལྷག་ཡོད་པས། གལ་ཏེ་ཁྱེད་རང་འགྲོ་ཐུབ་ན་ཁྱེད་རང་སོང་། ཁྱེད་རང་འགྲོ་མ་ཐུབ་ན་ཁྱེད་རང་གི་སློབ་མ་ཞིག་འགྲོ་ཐུབ་པས་དེ་བཏང་ནས་ཆོས་དེ་དག་ཅིས་ཀྱང་གདན་འདྲེན་དགོས་ཞེས་བཀའ་གནང་། རྗེ་བཙུན་མི་ལས་ཀྱང་རང་ཉིད་ཀྱི་སློབ་མ་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་ལ་རྒྱ་གར་འཕགས་པའི་ཡུལ་དུ་སྔར་བོད་དུ་མེད་པའི་ཆོས་ལེན་པར་མངགས། རས་ཆུང་པས་ཀྱང་བླ་མའི་བཀའ་བཞིན་རྒྱ་གར་དུ་ཕེབས་ནས་ལུས་མེད་མཁའ་འགྲོའི་ཆོས་འཁོར་ཞུས། ལྷག་པར་དུ་མ་གཅིག་གྲུབ་པའི་རྒྱལ་མོ་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དང་། ཏི་ཕུ་བ་གསང་སྔགས་སྡོང་པོའི་དྲུང་ནས་རྒྱལ་བ་རྒྱ་མཚོ་ལྷ་དགུའི་ཆོས་སྐོར་རྣམས་ཞུས། གཞན་ཡང་རྒྱལ་བ་རྒྱ་མཚོ་ལ་བརྟེན་པའི་སྒྲུབ་ཐབས་དེ་ཞུས་ནས་བོད་དུ་ཕེབས། རྗེ་བཙུན་གྱིས་བོད་དུ་འགྲོ་དོན་ཡོང་གསུངས་ནས་ཐུགས་མཉེས་པ་བྱུང་།

དེ་ནས་རས་ཆུང་གི་སློབ་མའི་གཙོ་བོ་བླ་མ་ཟངས་རི་རས་པ་ལ་གནང་།ཟངས་རི་རས་པ་ནི་དང་པོ་ཆོས་པ་ཞིག་ཡིན། རྗེས་སུ་རས་ཆུང་རྡོ་རྗེ་གྲགས་པ་མཇལ་ཞིང་དད་པ་སྐྱེས་ནས་རས་ཆུང་གི་སློབ་མར་གྱུར། བླ་མ་རས་ཆུས་པས་ཀྱང་ཁོང་ལ་རྒྱལ་བ་རྒྱ་མཚོའི་ཆོས་ཐམས་ཅད་གནང་བར་མཛད། ཟངས་རི་རས་པས་འགྲོ་མགོན་རས་ཆེན་རྟེན་དགེ་སློང་མ་ཡིན་པའི་སྐབས་སུ་གནང་། འགྲོ་མགོན་རས་ཆེན་ཁོང་ཁམས་ལ་ཕེབས་ནས་དགུང་ལོ་སོ་བདུན་གྱི་སྟེང་དུ་དགེ་སློང་གི་སྡོམ་པ་བཞེས། ཁོང་ནི་ཀརྨ་བཀའ་བརྒྱུད་ཀྱི་གྲུབ་ཐོབ་ཆེན་པོར་གྱུར། ཀརྨ་པ་དུས་གསུམ་མཁྱེན་པའི་སྐུ་མདུན་ནས་ཆོས་དཔག་ཏུ་མེད་པ་ཞུས་ནས་སྙིང་པོ་དོན་གྱི་བསྟན་པའི་བརྒྱུད་འཛིན་གྱི་གྲས་སུ་གྱུར། ཁོང་གི་སློབ་མ་དུ་མ་ཡོད་པ་ལས་གཙོ་བོ་རྗེ་བཙུན་བློ་གྲོས་རྒྱལ་མཚན་དང་། རྒྱལ་སྲས་སྤོམ་བྲག་པ་གཉིས་ཡིན། ཁོང་གཉིས་ལ་རྒྱལ་བ་རྒྱ་མཚོའི་ཆོས་སྐོར་རྣམས་གནང་བར་མཛད་། བློ་གྲོས་རྒྱལ་མཚན་དགུང་ལོ་རིང་པོ་མ་བཞུགས་པར་ཞིང་དུ་གཤེགས། སྤོམ་བྲག་པ་སྐུ་ཚེ་རིང་པོ་བཞུགས་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོས་སྐོར་ཡོངས་སུ་རྫོགས་པ་ཀརྨ་པ་སྐུ་ཕྲེང་གཉིས་པ་པཀྵི་ལ་གནང་བར་མཛད།

རྒྱལ་དབང་ཀརྨ་པ་སྐུ་འཕྲེང་གཉིས་པ་པཀྵི་ནི་གྲུབ་ཐོབ་ཆེན་པོ་ཡིན། དེ་ཡང་ཤར་ཕྱོགས་འབའ་ཞེས་པའི་ཡུལ་དུ་སྤུངས་རི་ཞེས་པ་ཞིག་ཡོད། དེར་བཅོམ་ལྡན་འདས་རྒྱལ་བ་རྒྱལ་མཚོའི་ཞལ་གཟིགས་ཤིང་ཀརྨ་པ་དང་རྒྱལ་བ་རྒྱ་མཚོ་གཉིས་སུ་མེད་པར་གྱུར། རྒྱལ་བ་རྒྱ་མཚོའི་གྲུབ་པ་ཐོབ་པ་ལ་བརྟེན་ནས་ཀརྨ་པཀྵི་སོག་པོ་དང་རྒྱ་ནག་ལ་ཕེབས་ནས་དེའི་རྒྱལ་པོ་རྣམས་དམ་པའི་ཆོས་སུ་བཙུད་ཅིང་འགྲོ་དོན་དཔག་ཏུ་མེད་པ་བྱུང་། དེས་ན་བསྟན་པ་སྤྱི་ལ་ཆེས་བཀའ་དྲིན་ཆེ་བ་ཡིན་ནོ། པཀྵིའི་གསུང་ལ་རྒྱལ་བ་རྒྱ་མཚོའི་འགྲོ་དོན་ནི་ནམ་མཁའི་མཐའ་དང་མཉམ་པ་ཡིན་ཞེས་གསུངས། པཀྵིས་གཉན་རས་ལ་གནང་། གཉན་རས་ཀྱིས་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ལ་གནང་། དེ་ནས་༸རྒྱལ་དབང་ཀརྨ་པ་སྐུ་འཕྲེང་རིམ་པར་བྱོན་པ་རྣམས་ཀྱིས་ཐུགས་ཉམས་ལེན་གྱི་གཙོ་བོ་མཛད་པར་གསུངས། མ་ཟད་གུ་རུ་རིན་པོ་ཆེས་གཏེར་དུ་སྦས་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་དུ་མ་ཡོད་པ་རྣམས་ཀྱང་འདིའི་ནང་དུ་འདུས་པ་ཡིན།” ཞེས་བརྒྱུད་པའི་རིམ་པའི་སྐོར་གྱི་བཀའ་ཁྲིད་གནང་བར་མཛད།

དེ་ནས་དད་ལྡན་སྦྱིན་བདག་འགའ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་ཅིང་བཀའ་དབང་དངོས་གཞི་དབུ་བཙུགས། དེ་ཡང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བཀའ་དབང་རྣམས་རིམ་བཞིན་དམིགས་པ་དང་སྦྲག་ནས་གནང་བར་མཛད་པས་ཆོས་ཞུ་བ་ཡོངས་དབང་ཐོབ་སོང་སྙམ་པའི་ཡིད་དགའ་མགུའི་གནས་སུ་བཀོོད། མཐར་ཆོས་ཞུ་བ་སྟོང་ཕྲག་དུ་མ་ཡོད་ཀྱང་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་སྐུ་དངོས་དབང་འགྲེམས་སུ་ཕེབས་ནས་ཆོས་ཞུ་བ་ཡོངས་ཡིད་ཚིམས་པའི་་བཀའ་དྲིན་བསྐྱངས་པར་མཛད་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བཀའ་དབང་གྲུབ་བོ། །

དེ་ལྟར་གནས་ཚུལ་མདོོར་བསྡུས་ཞིག་གངས་ལ་ཉི་ཤར་ནས།

གྲུབ་དབང་༸སྐྱབས་རྗེ་མཉན་པ་རིན་པོ་ཆེའི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཉིན་གསུམ་པའི་ཆོས་ཐུན་གསུམ་པ་དང་བཞི་པ།

འབྲས་བུ་མཁའ་ལ་མདུང་བསྐོར་གསུམ་ནི། སྐུ་ལྔ་གདོད་ནས་རང་ཆས་དང་། །མྱོང་བའི་མངོན་དུ་འགྱུར་བ་དང་། །སངས་རྒྱས་འདོད་པ་ཟད་པ་གསུམ། །འབྲས་བུ་མཁའ་ལ་མདུང་བསྐོར་ཡིན། ཞེས་སྐུ་ལྔའམ་ཡེ་ཤེས་ལྔ་ནི། གཞན་ལས་བཙལ་མི་དགོས་པ་རང་ཆས་སུ་ཡོད་པ། རང་ཆས་ཞེས་པའི་ཚིག་གི་ནུས་པ་ནི། རང་བཞིན་ཉིད་ཀྱིས་རང་དང་ཐ་མི་དད་པ་ཡོད་པ། རང་ཆས་སུ་ཡོད་པས་མི་ཕན། ཉམས་སུ་ལེན་དགོས་པ། མྱོང་བས་མངོན་དུ་འགྱུར་དགོས། དེས་ན་སངས་རྒྱས་འཐོབ་འདོད་པའམ་རེ་བ་ཟད་པ་ཡིན་ཞེས་སོ།

༡༽ རྒྱུད་ལ་སྦྱར་ཚུལ་བཤད་པ། ཀྱེ་མ། འཇིག་རྟེན་ཆོས་ལ་ལེགས་རྟོགས་དང་། །རྟག་མི་ཐུབ་སྟེ་སྒྱུ་མ་རྨི་ལམ་འདྲ། །རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །དེས་ན་སྐྱོ་བ་སྐྱེད་ལ་འཇིག་རྟེན་བྱ་བ་ཐོངས། །འཁོར་ཡུལ་ཆགས་སྡང་འབྲེལ་བ་ཀུན་གཅོད་ལ། །གཅིག་པུར་ནགས་ཀྱི་འདབས་སམ་རི་ཁྲོད་སྒོམས། །སྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། ཞེས་པ་སྟེ། འཇིག་རྟེན་ཆོས་ལ་ལེགས་པར་རྟོགས་ན། རྟག་ཐུབ་པ་མི་གནས་ཏེ། རྨི་ལམ་སྒྱུ་མ་འདྲ་བ་སྣང་ཙམ་ལས་དོན་ལ་མེད་པ། དཔེར་ན། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། ཞེས་གསུངས་པ་བཞིན། དེས་ན་སྐྱོ་བ་སྐྱེད་པ། ཞེན་ལོག །རྡོ་རྗེ་འཆང་ཐུང་མར། ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས་ཞེས། ཐུན་མོང་སྐབས་ལའང་འཁོར་བའི་ཆོས་ལ་ཞེན་པ་མ་ལོག་ན་ཆོས་པ་ཆགས་མི་ནུས། རྗེ་བཙུན་ས་སྐྱ་པར་བླ་མ་འཇམ་དཔའི་དབྱངས་ཀྱིས་གདམས་པ་ལས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན་ཞེས། འཇིག་རྟེན་བྱ་བ་ཅི་ཕྱིར་ཐོངས་དགོས་ཞེ་ན། དེ་དམིགས་ཡུལ་བྱས་ནས་འཁོར་བའི་སྡུག་བསྔལ་རྒྱུན་མི་ཆད་པ་འབྱུང་བས་སོ། བླ་མའི་རྣལ་འབྱོར་ཀྱི་ཉམས་ལེན་མཐར་ཐུག་དེ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ འདྲེས་དགོས།

༢༽སྒོམ་དུ་མེད་པའི་ངང་ལ་གནས་པའི་ཕན་ཡོན་ནི། རྩ་བར། ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་ཐོབ། །དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་རྒྱས། །རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །དེ་བཞིན་སེམས་ཀྱི་རྩ་བ་བཅད་ན་འཁོར་བའི་ལོ་ འདབ་བསྐམ། །དཔེར་ན་བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །བསྐལ་ པར་བསགས་པའི་མ་རིག་སྡིག་སྒྲིབ་སེལ། ཞེས་པ་སྟེ། ལྗོན་ཤིང་རྩ་བ་བཅད་པས། ཡལ་ག་ཤུགས་ཀྱིས་བསྐམ་པ་དེ་བཞིན་དུ་སེམས་ཀྱི་རྩ་བ་བཅད་ན། འཁོར་བའི་ལོ་འདབ་ཆགས་སོགས་ཉོན་མོངས་བའི་རྣམ་རྟོག་ཤུགས་ཀྱི་བསྐམ་ཐུབ་པ། བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། སྒྲོན་མེ་གཅིག་གིས་སེལ་ནུས་པ། དེ་བཞིན་གདོད་ནས་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་མངོན་དུ་གྱུར་པའམ། མཐོང་ན། བསྐལ་པ་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྐད་ཅིག་ཅིག་ལ་ལྷག་མ་མེད་ པར་བསྲེགས་ནུས་སོ། དེའི་ཕྱིར་སྡིག་སྒྲིབ་སྦྱོང་བའི་ཐབས་ཟབ་ཤོས་དེ་ཡིན།

ཆོས་ཐུན་གཉིས་པ། ཀྱེ་ཧོ། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་ རྟོགས། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩ་བ་ཆོད་ལ་རིག་པ་གཅེར་བུར་ཞོག ། རྟོག་པ་དྲིི་མའི་ཆུ་དེ་དྭངས་སུ་ཆུག །སྣང་བ་དགག་སྒྲུབ་མི་བྱ་རང་སར་ཞོག ། སྤོང་ལེན་མེད་ན་སྣང་སྲིད་ཕྱག་རྒྱར་གྲོལ། །ཀུན་གཞི་སྐྱེ་བ་མེད་པས་བག་ཆགས་སྒྲིབ་ གཡོག་སངས། ། སྙེམས་བྱེད་རྩིས་གདབ་མི་བྱ་སྐྱེ་མེད་སྙིང་པོར་ཞོག །སྣང་བ་རང་སྣང་ བློ་ཡི་ཆོས་རྣམས་ཟད་དུ་ཆུག །ཅེས་པ་སྟེ། ཚོགས་དྲུག་བཅོས་ལྷད་མེད་པའི་ཐོག་ནས་ཉམས་ལེན་བྱེད་དགོས་ཞེས། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། ཅེས་ཀུན་རྟོག་འདུ་བྱེད་སྣ་ཚོགས་པས་དྲངས་པ་བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས་ཞེས། རྗེ་མི་ལས། ཁྱོད་འགྲོ་ན་སྣང་བ་ལམ་དུ་འཁྱེར། །ཚོགས་དྲུག་རང་གྲོལ་གྱི་འགྲོ་ལུགས་ཡིན། །སྡོད་ན་མ་བཅོས་རྣལ་མར་སྡོད། །སྙིང་པོ་དོན་གྱི་སྡོད་ལུགས་ཡིན། །ཉལ་ན་མཉམ་ཉིད་ངང་དུ་ཉལ། ། འོད་གསལ་ངང་དུ་ཉལ་ལུགས་ཡིན་ཞེས། རང་སེམས་རྩ་བ་ཆོད་ཅེ་ན། ཞེན་འཛིན་ཆོད་ཅེས། གཅེར་བུ་ནི། སྒྲིབ་བྱེད་དང་། ཆེད་འཛིན་མེད་པ། སྙེམས་བྱེད་ནི། འཛིན་པ་ཕྲ་མོར་གོ ། རྩ་བར། མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་མཆོག །མུ་མེད་གཏིང་ཡངས་སྒོམ་པའི་རྒྱལ་པོ་མཆོག །མཐའ་ཆོད་ཕྱོགས་བྲལ་སྤྱོད་པའི་རྒྱལ་པོ་མཆོག །རེ་མེད་རང་གནས་འབྲས་བུའི་མཆོག་ཡིན་ནོ། ཞེས་པ་སྟེ། མུ་མཐའ་ཡོངས་གྲོལ་ལྟ་བ། མུ་མེད་གཏིང་ཡངས་སྒོམ་པ། མཐའ་ཆོད་ཕྱོགས་བྲལ་སྤྱོད་པ། རེ་མེད་རང་གནས་འབྲས་བུ་ཡིན། རྗེ་མི་ལས། ལྟ་སྒོམ་སྤྱོད་གསུམ་གྱི་སྡོམ་བསྐྱོན་སྐབས། ཁྱོད་ལྟ་བ་བློ་འདས་ཀྱི་དོན་ལ་ལྟོས། །སྒོམ་པ་ཡེངས་མེད་ཀྱི་ངང་དུ་སྐྱོང་། །སྤྱོད་པ་ཤུགས་ བྱུང་འགག་མེད་སྐྱོང་། །འབྲས་བུ་རེ་དོགས་ཐ་སྙད་སྤོང་ཞེས། ༢༽ཉམས་ཤར་ཚུལ་བཤད་པ། རྩ་བར། ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །བར་དུ་ཆུ་བོ་གངྒཱ་དལ་གྱིས་འབབ། །ཐ་མ་ཆུ་རྣམས་མ་བུ་འཕྲད་པ་བཞིན། ཞེས་པ་སྟེ། ལས་དང་པོ་པའི་མཉམ་གཞག་གི་ཚོར་བ་རྟོག་པ་ཤིན་ཏུ་གཡོ་བ་དྲག་པོ་གཅོང་རོང་གི་ཆུ་ལྟ་བུ་ཡོང་། བར་དུ་མཉམ་གཞག་ལ་གཏན་པ་ཅུང་ཟད་ཐོབ་པས་ཆུ་བོ་གངྒཱ་ལྟར་དལ་གྱི་འབབ་པ། འོད་གསལ་མ་བུ་འདྲེས་པའི་སྐབས་སུ་ཆུ་རྣམས་མ་བུ་འཕྲད་པ་ལྟ་བུ། སྒོམ་གཏན་པ་མཐར་ཕྱིན་པ། རྟོག་ཚོགས་ཐམས་ཅད་རང་རིག་ངང་དུ་འབྱམས་པས། ཅི་སྣང་ཅི་ཤར་ཐམས་ཅད་རོལ་པ་འགག་མེད་དུ་འགྱུར། སྒོམ་གྱི་བོགས་འདོན་དུ་འགྱུར། རྫིང་ལས་འཕུར་བའི་བྱ་རོག་བཞིན། གཉིས་མེད་ཀྱི་རིག་པ་གཏན་དང་འཕྲལ་ནས། ཁྱབ་པར་སྐྱོང་དུས་རྣམ་རྟོག་རང་ཤར། གེགས་སེལ་དེ་ད་ལྟར་བཤད་མི་རུང་། རྡོ་རྗེའི་མན་ངག་རྫོགས་པ་མཇུག་གི་དོན་ནི། རྩ་བར། ཕྱག་རྒྱ་ཆེན་པོ་གནད་ཀྱི་མན་ངག་འདི། །འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །ཅེས་པ་སྟེ། ཕྱག་རྒྱ་ཆེན་པོའི་མན་ངག་གི་བཅུད། སྙིང་པོ། ཏཻ་ལོ་པས་མངོན་དུ་བྱེད་རྒྱུའི་ཆོས་དེ། མ་འདས། མ་བསྒྲིབས་པ། གསལ་བར་དཔལ་ནཱ་རོ་པ་ལ་བསྟན་པ་རེད། ཀྱེ་ཧོ་དེ་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་དང་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ང་ལ་ཅི་ ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཐོང་ན་གྲོལ་བར་འགྱུར་ཞེས། ཡང་དག་ཉིད་ལ་ཡང་དག་བལྟ། ཡང་དག་མཐོང་ན་རྣམ་པར་གྲོལ། ཞེས་པ་ལྟ་བུ། གནས་ལུགས་རང་གིས་མཐོང་ནས་གྲོལ་དགོས་པར་བསྟན་པ་ཡིན། འགྲོ་བ་སྐལ་ལྡན་ནི། དཀའ་བ་སྤྱད། བླ་མ་ལ་གུས་པ། སྡུག་བསྔལ་བཟོད་ལྡན། བློ་ལྡན་སོགས་ཀྱི་ཡོན་ཏན་བཞི་ལྡན་དེའོ། ཕྱག་རྒྱ་ཆེན་པོ་གྲུབ་པ་དཔལ་ཏཻ་ལོ་པའི་ཞལ་སྔ་ནས་ཀྱིས་ཁ་ཆེའི་པཎྜི་ཏ་ནཱ་རོ་པ་ལ་དཀའ་བ་བཅུ་གཉིས་སྤྱད་པའི་མཐར་ཆུ་བོ་གངྒཱའི་འགྲམ་དུ་གསུངས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་ཚིག་ རྐང་ཉི་ཤུ་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་ཀྱི་ཞལ་སྔ་ནས་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་མར་ པ་ཆོས་ཀྱི་བློ་གྲོས་ཀྱིས་བྱང་པུཥྤ་ཧ་རིར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

བསོད་ནམས་དབང་རྒྱལ་ནས་ཕབ། 20190111PM_The Ganges Mahamudra_Teaching 6-6

གྲུབ་དབང་༸སྐྱབས་རྗེ་མཉན་པ་རིན་པོ་ཆེའི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཉིན་དང་པོའི་ཆོས་ཐུན་དང་པོ།

གྲུབ་དབང་༸སྐྱབས་རྗེ་མཉན་པ་རིན་པོ་ཆེའི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཉིན་དང་པོའི་ཆོས་ཐུན་དང་པོ།
དེ་ཡང་ཕྱི་ལོ་ ༢༠༡༩ ལོའི་བཀའ་བརྒྱུད་སྨོན་ལམ་ཀྱི་སྔོན་འགྲོའི་གསུང་ཆོས་སྐབས་སུ་བདག་ཅག་དཔལ་ལྡན་དུས་གསུམ་མཁྱེན་པའི་རྗེས་འཇུག་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཆེན་པོ་མཆོག་རེ་ཞིག་སྐུ་དངོས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་མ་ཐུབ་མོད། འོན་ཀྱང་མགོན་པོ་གང་གིས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དད་ལྡན་སློབ་ཚོགས་རྣམས་ལ་ཐུགས་རྗེའི་གཟིགས་པ་ཆེན་པོས་ནམ་ཡང་མི་འདོར་བར་མཛད་དེ། ད་ལན་གྱི་བཀའ་བརྒྱུད་སྨོན་ལམ་སྔོན་འགྲོའི་བཀའ་ཆོས་སྐབས་སུ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དམ་པ་༸གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཐོབ་ཀུན་གྱི་མེས་པོ་རྗེ་བཙུན་ཏི་ལོ་པས་དཔལ་ནཱ་རོ་པ་ལ་ཤར་ཆུ་བོའི་གངྒཱའི་འགྲམ་དུ་གདམས་པ་ཕྱག་ཆེན་གངྒཱ་མ་ཞེས་པ། མདོ་རྒྱུད་ཀུན་གྱི་ཉིང་ཁུ་གཅིག་པུར་གྱུར་པ། འོད་གསལ་གནས་ལུགས་ཕྱག་རྒྱ་ཆེན་པོའི་རང་བཞིན་གསལ་བར་བསྟན་པའི་གཞུང་ཆེས་ཟབ་ཅིང་བརླིང་བ། རྟོག་གེ་བ་རྣམས་ཀྱིས་ནམ་ཡང་སྤྱོད་ཡུལ་དུ་མི་འགྱུར་བའི་སྦས་གསང་བླ་ན་མེད་པ་དེ་ཉིད་ཀྱི་བཀའ་ཁྲིད་གནང་དགོས་པའི་བཀའ་ཕེབས་པ་བཞིན། གྲུབ་དབང་མཉན་པ་རིན་པོ་མཆོག་ནས་ཀྱང་སྤྱིར་འབྲུག་ཕྱོགས་སུ་དམ་པའི་ཆོས་ཀྱི་མཛད་པ་བསྐྱངས་བཞིན་མཆིས་མོད། འོན་ཀྱང་གང་གི་དཔལ་ལྡན་རྩ་བའི་བླ་མ་དམ་པའི་བཀའ་བཟང་སྤྱི་བོར་ཕེབས་པར་དབྱར་གྱི་རྔ་གསང་སྒྲོགས་པ་ལྟར་ཆེས་ཐུགས་མཉེས་པ་ཆེན་པོའི་སྒོ་ནས་སྔོན་འགྲོའི་བཀའ་ཆོས་སྩལ་བར་མཛད་པའི་ཞལ་བཞེས་བཟང་པོ་གནང་བར་མཛད།
དེས་ན་ཕྱིི་ལོ་ ༢༠༡༩ ཕྱི་ཟླ་ ༡ ཚེས་ ༩ སྔ་དྲོའི་ཆོས་ཐུན་དང་པོར་༸སྐྱབས་རྗེ་རིན་པོ་ཆེ་གནས་མཆོག་རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གར་སྟེགས་སུ་སེར་སྦྲེང་དང་བཅས་ཞབས་སོར་འཁོད་རྟིང་དབུ་མཛད་ཆེན་མོ་མཆོག་ནས་གསུང་ཆོས་ཀྱི་སྔོན་འགྲོ་ཞལ་འདོན་དབུ་ཚུགས། དེ་ནས་དད་ལྡན་སྦྱིན་བདག་འགའ་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་མཐར་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་བཀའ་ཆོས་དངོས་གཞི་དབུ་འཛུགས་གནང་། དེ་ཡང་ཐོག་མར་རིན་པོ་མཆོག་གི་ཞལ་སྔ་ནས། འདས་པའི་ལོ་དུ་མའི་རིང་ལ་ཁམས་གསུམ་འགྲོ་བའི་དེད་དཔོན་ཆེན་པོ་སངས་རྒྱས་ཀརྨ་པ་མཆོག་གིས་དབུ་ཁྲིད་མཛད་ནས་གནས་མཆོག་རྡོར་གདན་དུ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ལོ་ལྟར་བཞིན་ཚུགས་བཞིན་མཆིས་མོད། འོན་ཀྱང་སྨོན་ལམ་ཆེན་མོའི་དུས་ཚོད་ཕལ་མོ་ཆེ་བ་ནམ་དུས་དགུན་ཁར་འཁེལ་སྟབས་དགུན་དུས་སུ་འབྲུག་ནང་དུ་༸སྐྱབས་རྗེ་རིན་པོ་ཆེ་ཉིད་དམ་པའི་ཆོས་པྱོགས་ཀྱི་མཛད་སྒོ་དུ་མ་ཞིག་ཡོད་པ་དང་། ལྷག་པར་ཏུ་ལོ་ཤས་སྔོན་ནས་༸སྐྱབས་རྗེ་རིན་པོ་ཆེ་གང་གི་སྐུ་གཟུགས་གསལ་ཐང་མ་བྱུངབའི་སྐུ་ངལ་བརྟེན་ནས་བཀའ་བརྒྱུད་སྨོན་ལམ་བཅར་ཐུབ་མེད་པ་དང་། འོན་ཀྱང་ད་ལན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་ཕྱག་བྲིས་བརྒྱུད་ནས་བཀའ་བརྒྱུད་སྨོན་ལམ་གྱི་སྔོན་འགྲོའི་གསུང་ཆོས་སྐབས་སུ་ངེས་པར་དུ་གསུང་ཆོས་ཀྱི་བཀའ་དྲིན་སྩལ་དགོས་པ་དང་། གསུང་ཆོས་ཀྱི་གཞུང་དེའང་ཤར་ཆུ་བོ་གངྒཱའི་འགྲམ་དུ་རྗེ་བཙུན་ཏི་ལོ་པས་དཔལ་ནཱ་རོ་པ་ལ་གདམས་པའི་ཕྱག་ཆེན་གངྒཱ་མ་དེ་ཉིད་བཀའ་ཁྲིད་བསྡུས་པ་ཞིག་གིས་སྒོ་ནས་གནང་བར་མཛད་ན་རྟགས་དང་རྟེན་འབྲེལ་སོགས་པའི་ཆེས་དགེ་མཚན་ཆེན་པོ་ཡོད་པའི་བཀའ་ཕེབས་ཡོད་ཅེསགསུངས།
དེ་ནས་གཞུང་དངོས་གཞིའི་བཀའ་ཆོས་དབུ་མ་འཛུགས་པའི་སྔ་རོལ་དུ། ༸སྐྱབས་རྗེ་རིན་པོ་ཆེ་གང་ཉིད་ནས་སྤྱིར་གནས་ལུགས་ཕྱག་རྒྱ་ཆེན་པོ་བཀའ་ཁྲིད་མཛད་པའི་བླ་མ་དང་སློབ་མའི་གཉིས་ཀྱི་སྒོ་ནས་མཚན་ཉིད་ཇི་ལྟར་ཚང་དགོས་པ་དང་། གནས་ལུགས་ཕྱག་རྒྱ་ཆེན་པོ་དམ་ཆོས་ཟབ་མོ་ལ་ཉམས་ལེན་གནང་བར་མཛད་ན་ལྟ་ཅི་སྨོས། མཚན་ཙམ་ཞིག་ཐོས་པ་དེ་ཡང་སྔོན་བསྐལ་པ་དུ་མར་ཚོགས་བསགས་པའི་འབྲས་བུ་ཡིན་པས་ཆེས་བསྐལ་པ་བཟང་པོ་ཡིན་པ་དང་། དེ་བཞིན་ཐེག་པ་ཐུན་མོང་གི་དམ་པའི་ཆོས་ཀྱི་ཉམས་ལེན་གནང་ཚེ་དང་པོར་བླ་མ་བསྟེན་ཚུལ། བླ་མ་བསྟེན་ནས་དམ་པའི་ཆོས་ཀྱི་ཉམས་ལེན་མཐིལ་ཕྱིན་པར་མཛད་ནས་དཔལ་ལྡན་རྩ་བའི་བླ་མ་དང་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀྱི་བཞེད་པ་ཇི་ལྟར་སྐོང་དགོས་པའི་ཚུལ་ཆེས་ཟབ་ཅིང་རྒྱས་ལ་གནད་ལ་འཁེལ་བར་བཀའ་ཆོས་ཟབ་རྒྱས་སྩལ་གནང།
དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་སྤྱི་དོན་གྱི་བཀའ་ཁྲིད་མཛད་རྟིང་གཞུང་དངོས་གཞི་དབུ་ཚུགས་གནང་བར་མཛད། དེ་ཡང་ཕྱག་ཆེན་གངྒཱ་མའི་གཞུང་དེ་ཉིད་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གང་ནས་ཞུ་བའི་བླ་མ་ནི་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སྐུ་གོང་མའི་སྐུ་མདུན་ནས་ཞུས་པ་དང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་དཔལ་༸རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་སྐུ་མདུན་ནས་ཞུས་པས་བརྒྱུད་པ་ནི་ཆེས་གཙང་ལ་བར་མ་ཆད་པའི་བརྒྱུད་པ་རིན་པོ་ཆེ་ཡིན་ཞིང་། དེས་ན་ཆོས་ཟབ་མོ་འདི་ནི་རྟོགས་པས་བདག་རྒྱུད་གྲོལ། ཐུགས་རྗེས་གཞན་རྒྱུད་གྲོལ་བའི་དམ་པ་གོང་མ་ནས་བརྒྱུད་པ་ཡིན་པས་ཆོས་ཞུ་བ་རྣམས་ལ་ཕན་ངེས་ཡིན་ཞེས་གསུངས།
དེ་ནས་གཞུང་དངོས་གཞིའི་ལ་ཀླད་ཀྱི་དོན་། གཞུང་གི་དོན། མཇུག་གི་དོན་བཅས་ས་བཅད་གསུམ་ཡོད་པ་ལས་ཀླད་ཀྱི་དོན་ལ་དང་པོ་མཚན་སྨོས་པའི་སྐབས་སུ། ༸སྐྱབས་རྗེ་རིན་པོ་ཆེ་ཡི་ཞལ་སྔ་ནས། “སྤྱིར་བཏང་ཕྱག་རྒྱ་ཞེས་པའི་ཚིག་འདི་ལ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ཡི་ནང་དུ། དེ་བཞིན་གཤེགས་པ་པྱག་རྒྱས་བཏབ་པ་དེ་ནི་ཞེས་པ་གསུངས་ཡོད། དེ་ནི་ཕྱག་ཆེན་ཟླ་བའི་འོད་ཟེར་ནང་དུའང་ཆེས་གསལ་པོ་ཡོད། སྤྱིར་བཏང་ཕྱག་རྒྱ་ཆེན་པོ་ཞེས་པ་ཚང་མས་མཁྱེན་མོད། འོན་ཏང་ནམ་མཁའ་མཛོད་ཀྱི་མདོ་ལྟར་ན། མདོ་དེའི་ནང་དུ་ཕྱག་རྒྱ་ཞེས་པའི་དོན་གང་ཞིག་ཡིན་ཞེ་ན། དེ་བཞིན་ཉིད་དབྱེར་མེད་པ་དེ་ནི་པྱག་རྒྱ་སྟེ། དེའི་སྐབས་སུ་དེ་བཞིན་ཉིད་ཞེས་པའི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གནས་ལུགས་ལ་ཡོད་པའི་གདོད་མའི་གཤིས་ཀྱི་རང་བབས་དེ་ཉིད་ལ་བཤད། དེ་ལ་ཕྱག་རྒྱ་ཆེན་པོའི་སྐབས་སུ་མཚན་མ་བཅོས་པ། གཤིས། སོ་མ། རང་བབས། རྫོགས་པ་ཆེན་པོའི་སྐབས་སུ་རང་བྱུང་གི་རིག་པ། ཀུན་ཏུ་བཟང་པོ་ལ་སོགས་པའི་མཚོན་བྱེད་ཀྱི་རྣམ་གྲངས་ནི་དུ་མ་ཡོད་མོད། འོན་ཏང་མཚོན་བྱ་དོན་ལ་གཅིག་མ་གཏོགས་མེད་པ་དེ་བཞིན་ཉིད་ཡིན། དེ་ཡང་དེ་བཞིན་ཞེས་པ་ནི་གནས་ལུགས་རྒྱུ་རྐྱེན་གྱིས་མ་བྱས་པའི་རང་བབས། སོ་མ། གཤིས། གཉུག་མ་ཞེས་བཤད། ཉིད་ཅེས་པ་ནི་ངོ་བོའམ་རང་བཞིན་གྱི་ཆ་ནས་དེ་ལྟ་བུའི་ཡོན་ཏན་ལ་སེམས་ཅན་དང་སངས་རྒྱས་གཉིས་ལ་ཁྱད་པར་མེད་པར་གསུངས། དབྱེར་མེད་པ་ཞེས་པ་ནི། དེ་ལྟ་བུའི་ཡོན་ཏན་དེ་ཉིད་རྒྱུ་རྐྱེན་དང་ལམ་ལ་སོགས་པ་གང་གིས་ཀྱང་གསར་དུ་བཟོ་རྒྱུ་མེད་པ་གནས་ལུགས་ཇི་ལྟར་གནས་པ་དེ་བཞིན་རྟོགས་པ་ལ་དབྱེར་མི་ཕྱེད་པ་ཞེས་སོ།” ཞེས་ནམ་མཁའ་མཛོད་ཀྱི་མདོའི་དགོངས་པ་ལྟར་བྱས་ནས་ཕྱག་རྒྱ་ཞེས་པའི་དོན་ཆེས་ཟབ་ཅིང་རྒྱ་ཆེ་ལ་ཆེས་གསལ་བར་གསུངས། དེ་བཞིན་དུས་འཁོར་དཀའ་འགྲེལ། རྒྱུད་བླ་མ། ཕྱག་ཆེན་གྱི་ཁྲིད་ཡིག་རྣམས། བཀའ་བརྒྱུད་གོང་མ་དག་གི་གསུང་ཟབ་མོ་དུ་མ་ལུང་འདྲེན་མཛད་ནས་ཕྱག་རྒྱ་ཆེན་པོ་ཞེས་པའི་དོན་བཀའ་ཁྲིད་ཆེས་ཟབ་རྒྱས་མཛད།
མན་ངག་ཅེས་པ་ནི་བླ་མ་རང་གི་གནས་ལུགས་ཕྱག་རྒྱ་ཆེན་པོ་དོན་དེ་ཉིད་ཉམས་སུ་བླངས་ཏེ་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པ་དེ་ཉིད་ཚིག་ལ་སོགས་པའི་སྒྲོ་འདོགས་ཀྱི་མ་བཅིངས་བར་ཐད་ཀར་མ་བཅོས་པར་སློབ་མ་རྣམས་ལ་བསྟན་པ་ལ་མན་ངག་ཅེས་གསུངས།
གཞུང་ནང་དུ་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཞེས་པའི་སྐབས་སུ་སྤྱིར་ཐུན་མོང་དང་དོན་དམ་པའི་སྒོ་ནས་འགྲེལ་སྟངས་མི་འདྲ་བ་གཉིས་ཡོད་པར་གསུངས། དེ་ཡང་ཐུན་མོང་དུ་བཤད་ན་མཁའ་འགྲོ་རྣམས་ཟབ་ཆོས་རྣམས་ཀྱི་བདག་པོ་ཡིན་པ་དང་གསུང་བ་པོ་ཡང་དེ་དག་ཡིན་པས་དེའི་དབང་དུ་བྱས་ནས་ཕྱག་འཚལ་བ་དང་། དོན་དམ་པའི་དབང་དུ་བྱས་ན་རྡོ་རྗེ་ཞེས་པ་ཐབས་དང་།མཁའ་འགྲོ་ཞེས་པ་ཤེས་རབ་སྟོང་པ་ཉིད་ཡིན་པར་གསུངས། དེ་ཡང་འཁོར་འདས་ཆོས་ཐམས་ཅད་དེ་དག་ལ་འདུས་ཤིང་དེ་གཉིས་ཀྱི་ར་བ་ལ་མ་འདས་པ་ཡིན་པས་ཐབས་ཤེས་ཟུང་དུ་འཇུག་པ་ལ་ཕྱག་འཚལ་བ་ཡིན་ཞེས་གསུངས། ཡང་འགྲེལ་བཤད་གཞན་ཞིག་ལ་མཁའ་ཞེས་པ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། འགྲོ་ཞེས་པ་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་རྟོགས་ནས་སྤྱོད་ལམ་ཐམས་ཅད་དེའི་ར་བ་ལས་མ་འདས་པ་འགྲོ་བས་འགྲོ་ཞེས་གསུངས།
དེ་ནས་རྩ་བའི་གཞུང་དུ། དཀའ་བ་སྤྱད་ཅིང་བླ་མ་ལ་གུས་པ། །སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། སྐལ་ལྡན་ཁྱོད་ཀྱི་བློ་ལ་འདི་ལྟར་བྱོས། །ཞེས་པའི་སྐབས་དེ་ཉིད་སྤྱིར་བཏང་མན་ངག་གཞན་ལ་འདོམས་པར་དམ་བཅའ་བ་ཡིན་ཞེས་གསུངས། ལྷག་པར་ཏུ་གཞུང་འདིས་གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་ཉམས་སུ་ལེན་པའི་སློབ་མ་རྣམས་མཚན་ཉིད་བཞི་ཚང་དགོས་པ་དང་། འདི་ལྟར་མཚན་ཉིད་བཞི་པོདེ་ཡང་། ༡ དཀའ་བ་སྤྱད་པ། ༢ བླ་མ་ལ་གུས་པ་ཡོད་པ། ༣ སྡུག་བསྔལ་ལ་བཟོད་པ། ༤ ཤེས་རབ་དང་ལྡན་པ་བཞི་ཡིན་ཞེས་གསུངས། དེ་ལྟར་མཚན་ཉིད་བཞིའི་ནང་ནས་ཀྱང་གནད་ཆེ་ཤོས་དང་གལ་ཆེ་ཤོས་ཤེས་རབ་ཡིན་པ་དང་། རྒྱུ་མཚན་ནི་ཤེས་རབ་ལྡན་ན་དཀའ་བ་སྤྱད་པ་སོགས་གཞན་གསུམ་ངང་གིས་བྱུང་བར་གསུངས། དེ་ལྟར་མཚན་དང་འགྱུར་ཕྱག མན་ངག་གཞན་ལ་འདོམས་པར་དམ་བཅའ་རྣམས་ལ་བཀའ་ཁྲིད་ཆེས་ཟབ་རྒྱས་མཛད་ནས་སྔ་དྲོའི་ཆོས་ཐུན་དང་པོ་ལེགས་པར་གྲུབ།
དེ་བཞིན་ད་ལན་གསུང་ཆོས་སྐབས་སུ་ཆོས་ཞུ་བ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་རང་གི་དགེ་འདུན། རི་བོ་དགེ་ལྡན་པའི་དགེ་བའི་བཤེས་གཉེན། ཆོས་བརྒྱུད་གཞན་ནས་ཕེབས་པའི་བཙུན་པ་དང་བཙུན་མ། དེ་བཞིན་ཧི་མཱ་ལ་ཡ་གཙོས་པའི་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དུ་མ་ནས་ཕེབས་པའི་དད་ལྡན་མི་དམངས་བཅས་ཚོགས་བཅར་བ་སྟོོང་ཕྲག་དུ་མ་ཕེབས་ཡོད། དེ་ལྟར་ཉིན་དང་པོ་ཆོས་ཐུན་དང་པོའི་བཀའ་ཁྲིད་དང་གནས་ཚུལ་སྙིང་བསྡུས་ཞིག་གངས་ལ་ཉི་ཤར་ནས།

20190109AM_The Ganges Mahamudra_Teaching 6-1